[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • ཕྱི་འབྲེལ་པུས་བརྗོད་དོན།

    ​ ཀྲུང་གོ་ཕྱོགས་ཀྱི་བྱེད་ལུགས་བྱེད་སྟངས་ཚང་མ་ཨ་རི་ཕྱོགས་ཀྱི་ཁུངས་ལུང་མེད་པའི་བྱེད་སྤྱོད་ལ་དམིགས་པའི་རང་སྲུང་རྒོལ་ལན་སློག་པ་ཞིག་ཡིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-17

    རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་དང་ཨ་རིའི་དབར་གྱི་རེས་སྐོར་གསར་པའི་འགག་སྒོའི་དཔྱ་ཁྲལ་བསྡུ་རེས་ཐད་སེམས་ཁྲལ་བྱས་པར་དམིགས་ཏེ་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཚེས་15ཉིན་ཀྲུང་གོ་ཕྱོགས་ཀྱི་བྱེད་ལུགས་བྱེད་སྟངས་ཚང་མ་ཨ་རི་ཕྱོགས་ཀྱི་ཁུངས་ལུང་མེད་པའི་བྱེད་སྤྱོད་ལ་དམིགས་ནས་རང་སྲུང་རྒོལ་ལན་སློག་པ་ཞིག་ཡིན་ཞིང་། དེ་ནི་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་ཞིག་ཡིན་ལ། ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་གྱི་སྒྲིག་གཞིར་སྲུང་སྐྱོང་བྱས་པ་ཞིག་ཀྱང་ཡིན་ཞེས་བརྗོད་པ་རེད།

    དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པས་སྐད་ཆ་དྲིས་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཉེ་དུས་ཀྲུང་གོ་དང་ཨ་རིའི་དབར་གྱི་རེས་སྐོར་གསར་པའི་འགག་སྒོའི་དཔྱ་ཁྲལ་བསྡུ་རེས་ཐད། ཚང་མས་སེམས་ཁྲལ་བྱེད་ཀྱི་ཡོད་པ་ང་ཚོས་དོ་སྣང་བྱུང་། ཀྲུང་གོ་དང་ཨ་རིའི་དབར་དཔལ་འབྱོར་ཚོང་དོན་རྩོད་གཞི་ཆེ་རུ་སོང་བ་དེས་འཛམ་གླིང་དཔལ་འབྱོར་ལ་བརྟན་པོ་མེད་པའི་རྒྱུ་རྐྱེན་གསར་པར་འགྱུར་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད། མི་ལ་ལས“གནམ་གཤིས་དྭངས་པོ་མེད་པའི”ཚིག་དེ་བེད་སྤྱད་ནས་མིག་སྔའི་འཛམ་གླིང་གི་དཔལ་འབྱོར་གནས་བབ་མཚོན་པར་བྱེད་པ་དང་འབྲེལ། ཚོང་དོན་གྱི་གནད་དོན་དེ“གོ་ལ་ཧྲིལ་པོའི་དཔལ་འབྱོར་བརྟན་པོ་མེད་པའི་རྒྱུ་རྐྱེན་ཆེ་ཤོས”སུ་བརྩི་གི་ཡོད་པར་བརྟེན། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལན་གང་ཞིག་འདེབས་རྩིས་ཡོད་དམ། བྱ་ཐབས་གང་ཞིག་སྤྱད་ནས་ཕྱོགས་ཁག་གི་སེམས་ཁྲལ་སེལ་རྩིས་ཡོད་དམ།

    ཀེང་ཧྲོང་གིས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚུར་སྣང་ལན་ཆར་དོ་སྣང་བྱུང་ལ། ཕྱོགས་ཁག་གིས་སེམས་ཁྲལ་བྱས་པར་བསམ་ཤེས་བྱེད་ཐུབ་ཀྱི་འདུག ཀྲུང་གོ་དང་ཨ་རིའི་དབར་གྱི་དཔལ་འབྱོར་ཚོང་དོན་རྩོད་གཞི་ཆེ་རུ་སོང་བ་དེ་ཕྱོགས་ཁག་གང་རུང་གི་ཁེ་ཕན་དང་མཐུན་མེད་ལ། འཛམ་གླིང་དཔལ་འབྱོར་གྱི་རྐང་པ་འཐེན་རྒྱུ་རེད་ཅེས་བརྗོད།

    “འོན་ཀྱང་ངས་ཚང་མར་གསལ་པོ་ཤོད་དགོས་པ་ཞིག་ནི། ཚོང་དོན་གྱི་རྩོད་གཞི་སློང་མཁན་ཨ་རི་ཡིན་པ་ལས་ཀྲུང་གོ་མིན། འགག་སྒོའི་དཔྱ་ཁྲལ་བསྡུ་ཚད་མང་དུ་གཏོང་མཁན་ཨ་རི་ཡིན་པ་ལས་ཀྲུང་གོ་མིན། ཡང་སྐོར་བསྐྱར་སྐོར་ངང་གནོན་ཤུགས་ཆེན་པོ་སྤྲོད་མཁན་ཨ་རི་ཡིན་པ་ལས་ཀྲུང་གོ་མིན། ད་བར་ཀྲུང་གོ་ཕྱོགས་ཀྱི་བྱེད་ལུགས་བྱེད་སྟངས་ཚང་མ་ནི་ཨ་རི་ཕྱོགས་ཀྱི་ཁུངས་ལུང་མེད་པའི་བྱ་སྤྱོད་ལ་དམིགས་ནས་རང་སྲུང་རྒོལ་ལན་སློག་པ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་དེ་ལྟར་བྱེད་དོན་ནི། རང་ངོས་ཀྱི་ཁྲིམས་མཐུན་ལུགས་མཐུན་གྱི་ཁེ་དབང་སྲུང་སྐྱོང་བྱེད་པ་ཞིག་ཡིན་ལ། ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་སྒྲིག་གཞི་སྲུང་སྐྱོང་བྱས་པ་ཞིག་ཀྱང་ཡིན”ཞེས་ཀེང་ཧྲོང་གིས་བརྗོད།

    ཁོང་གིས་འཛམ་གླིང་མདུན་གྲལ་གྱི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་ཡིན་པའི་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བས་རྒྱལ་ཁབ་གཉིས་པོར་དོན་སྙིང་གལ་ཆེན་ལྡན་ཡོད་ལ། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཐད་ལའང་ནུས་པ་གལ་ཆེན་ལྡན་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རང་ངོས་ཀྱི་ཕྲག་ཐོག་ཏུ་འཁུར་འོས་པའི་འགན་འཁྲི་དེ་ཁུར་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་དགོས། འོན་ཀྱང་ཨ་རི་ཕྱོགས་ཀྱིས་ལྐུགས་པ་ཨུ་ཚུགས་ངང་ཕྱོགས་རྐྱང་པའི་ཚོང་དོན་འཁྲུག་རྩོད་བསླངས་བ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་གྲོས་མོལ་ཐེངས་མང་བྱེད་པའི་སྐབས་ཕྱོགས་གཉིས་པོའི་ཐུན་མོང་གི་ངོས་འཛིན་ལས་རྒྱབ་འགལ་བྱས་ཏེ་ཀྲུང་གོར་འགག་སྒོའི་དཔྱ་ཁྲལ་བསྡུ་ཚད་མང་དུ་བཏང་གི་ཡོད་ཅེས་བརྗོད་པ་རེད།

    ཀེང་ཧྲོང་གིས་། རེས་སྐོར་གསར་པའི་ཀྲུང་གོ་དང་ཨ་རིའི་ཚོང་དོན་རྩོད་གཞི་སློང་བའི་སྲོལ་ངན་ཐོག་མར་གཏོད་མཁན་དེ་སུ་ཡིན་ནམ། གོ་ལ་ཧྲིལ་པོའི་རང་མོས་ཚོང་དོན་ལ་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་གཏོར་བཤིག་གཏོང་མཁན་དེ་སུ་ཡིན་ནམ། འཛམ་གླིང་དཔལ་འབྱོར་གྱི་རྐང་པ་འཐེན་མཁན་དང་ཉེན་ཁ་བཟོ་མཁན་དེ་སུ་ཡིན་ནམ་ལ་སོགས་པའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཔྱད་གཏམ་སྤེལ་སྲིད་ཅེས་བརྗོད་པ་རེད།

    ཀེང་ཧྲོང་གིས། ཨ་རི་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དཔྱོད་ཤེས་དང་དྲང་བདེན་གྱི་འབོད་སྒྲ་ཉན་ནས་དུས་བབ་སྔ་ཙམ་གསལ་རྟོགས་ཐུབ་པ་མ་ཟད། ཡང་དག་སྲོལ་ལམ་ཐོག་ལོག་ནས་ཀྲུང་གོ་དང་ཕྱོགས་མཐུན་མདུན་སྐྱོད་ཀྱིས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་གཉིས་ཕན་གཉིས་ཁེའི་གྲོས་མཐུན་ཞིག་འཇོག་ཐུབ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རེ་བ་བྱེད་ཀྱི་ཡོད། དེས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོར་ཕན་ཐོགས་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ཡོངས་ཁྱབ་ངང་རེ་སྒུག་བྱེད་པ་ཞིག་ཡིན་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།