[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • རང་རྒྱལ་གྱིས་བྱ་ཐབས་སྣ་མང་སྤྱད་དེ་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་དང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-19

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་17ཉིན་གློག་འཕྲིན་འབྱོར་གསལ། “ལོ་20ལྷག་ཙམ་རིང་། རང་རྒྱལ་གྱི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་དང་ཆུ་ཚད་1992ལོའི་0.2%ནས་2018ལོའི་8.47%བར་མཐོ་རུ་ཕྱིན་ནས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་སྟོབས་ཤུགས་གལ་ཆེན་མཁོ་འདོན་བྱས་ཡོད”ཅེས་ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧོའེ་ཅིན་ཕེང་གིས་གྲོལ་མ་ཐག་པའི་2019ལོའི་འཛམ་གླིང་གི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་ཀྱི་སྐུལ་འདེད་ཚོགས་ཆེན་ཐོག་བརྗོད།

    ཧོའེ་ཅིན་ཕེང་གིས་ངོ་སྤྲོད་བྱས་དོན། རང་རྒྱལ་གྱིས་ཚན་རིག་བྱང་ཚད་འཛུགས་སྐྱོང་ཐད་ཕུན་སུམ་ཚོགས་པའི་ལས་སྟེགས་ཐབས་ལམ་དང་། རིན་ཐང་གཉེར་ཕྱོགས་ཀྱི་ཁྲིད་སྟོན། རྨང་གཞིའི་སྒྲིག་བཀོད་སྲ་བརྟན་དུ་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་དར་སྤེལ་བཅས་དང་ཚན་རིག་གི་བྱང་ཚད་མཐོ་རུ་གཏོང་བ་རྒྱལ་ཁབ་ཀྱི་བྱ་སྤྱོད་ཅིག་ལ་བརྩི་བ་སོགས་ཀྱི་བྱེད་ཐབས་བརྒྱུད། སྤྱི་ཚོགས་ལས་རིགས་ཁག་ཐུན་མོང་ཐོག་ཞུགས་པ་དང་ཚན་རིག་གི་བྱང་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

    དེ་དང་ཆབས་ཅིག་རང་རྒྱལ་གྱིས་གྲོང་ཁྱེར་ཆེ་འབྲིང་དུ་དེང་རབས་ཅན་གྱི་དངོས་ཚན་ཚན་རྩལ་ཁང་བཙུགས་ཏེ་སྐོར་སྐྱོད་ཚན་རྩལ་ཁང་དང་། ཚན་རིག་ཁྱབ་གདལ་གྱི་ཁེབས་ཡོད་དོས་འཁོར་ཆེ་མོ། གྲོང་གསེབ་སློབ་འབྲིང་གི་ཚན་རིག་ཁང་། གྲངས་གཞིའི་ཚན་རྩལ་ཁང་བཅས་དང་མཉམ་དུ་གཞི་རྩའི་ཆ་ནས་ཁྱོན་ཡོངས་ལ་ཁྱབ་པའི་དེང་རབས་ཚན་རྩལ་ཁང་གི་མ་ལག་ཅིག་བསྐྲུན་ཡོད། མིག་སྔའི་བར་ཐག་རིང་ལུང་ཁུག་དང་གྲོང་གསེབ་ས་ཁུལ་གྱི་སློབ་མར་མཁོ་འདོན་བྱས་པའི་སྐོར་སྐྱོད་ཚོད་ལྟ་ཁང་གི་ཚན་རིག་ཁྱབ་གདལ་གྱི་ཁེབས་ཡོད་དོས་འཁོར་ཆེ་མོ་ལོ་18འཁོར་སྐྱོད་བྱས་པར་ཁྱོན་བསྡོམས་དོས་འཁོར་1500ལྷག་ཙམ་ཟིན་པ་དང་རིམ་རྩིས་བརྒྱབ་ན་ལམ་ཐག་སྤྱི་ལེ་ཁྲི་3700ལྷག་ཙམ་ཟིན་ཡོད།

    གཞན་ཡང་རང་རྒྱལ་གྱི་ཚན་རིག་ཁྱབ་གདལ་ཐད་སྤྱི་ཚོགས་རྒྱ་ཁྱབ་ངང་སྐུལ་སློང་གི་ལམ་སྲོལ་ཞིག་ཆགས་ནས་སྲིད་གཞུང་སྡེ་ཚན་དང་། མཐོ་སློབ། ཁེ་ལས་སོགས་ལས་རིགས་ཁག་གི་སྟོབས་ཤུགས་སྒྲིག་འཛུགས་ལག་བསྟར་ནང་ཧུར་ཐག་ཞུགས་པ་དཔེར་ན། ལོ་ལྟར་གྱི་ཟླ་9པའི“རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི”བྱེད་སྒོ་རྒྱལ་ཡོངས་ལ་ཁྱབ་པ་དང་། ལོ་16བསྟུད་མར་གཉེར་ནས་ལག་རྩལ་གསར་པ་འགྲེམས་སྟོན་དང་། བྱེད་ཐབས་གསར་པ་ངོ་སྤྲོད་བྱས་པར་ལོ་ལྟར་དྲ་ཐོག་དང་དྲ་ཕྱིར་སྤྱི་དམངས་ཞུགས་ཚད་མི་ཐེངས་དུང་ཕྱུར་3ཙམ་ཟིན་ཡོད། ད་དུང་ཚན་རྩལ་དང་བླངས་ཞབས་ཞུའི་ལས་དོན་རུ་ཁག་3000ལྷག་ཙམ་གཞི་རིམ་དང་གྲོང་གསེབ་ཏུ་བསྐྱོད་དེ་མང་ཚོགས་ཀྱི་དགོས་མཁོ་བསྐང་རྒྱུར་ཞབས་འདེགས་ཞུས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།