[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ས་ཆ་གཞན་དུ་རླངས་འཁོར་སྒྲིག་འགལ་གྱི་པར་ཐེབས་ཚེ་ཇི་ལྟར་བྱེད་དགོས་སམ།

    ​ རླངས་འཁོར་སྒྲིག་འགལ་གྱི་པར་ཐེབས་པའི་དངུལ་ཆད་རླངས་འཁོར་གྱི་ཐེམ་ཐོ་ཡོད་སར་སྤྲད་ཆོག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    xuwt7c327_s.jpg

    ལོ་མཇུག་དང་ལོ་འགོ་ནི་རླངས་འཁོར་མང་པོར་ལོ་བཤེར་བྱེད་པའི་དུས་སུ་སླེབས་པ་དང་། རླངས་འཁོར་ལ་ལོ་བཤེར་མ་བྱས་གོང་རླངས་འཁོར་དོ་དམ་སྡེ་ཚན་གྱིས་འཁོར་བདག་ལ་ངེས་པར་དུ་རླངས་འཁོར་གྱི་སྒྲིག་འགལ་དངུལ་ཆད་ཚང་མ་འཇལ་དགོས་པའི་བླང་བྱ་བཏོན་ཡོད། སྒྲིག་འགལ་ཐག་གཅོད་སྐོར་གླེང་སྐབས། ཉིན་ཤས་གོང་མཱ་ཆེ་གེ་མོར་གནས་ཚུལ་འདི་འདྲ་ཞིག་ཕྲད་པ་སྟེ། ཐེངས་ཤིག་ཁོ་མོས་ལྷ་སའི་འཁོར་རྟགས་ཀྱི་འཇིབ་ཆུང་ཞིག་བཏང་ནས་ཉིང་ཁྲིར་ཕྱིན་པ་དང་། རླངས་འཁོར་བྲག་ཡིབ་ཆུས་ཀྱི་ལམ་མདོར་སླེབས་སྐབས་སྟོན་ཕྱོགས་ལ་མ་བལྟས་པར་བཏང་བས་སྒྲིག་ཁྲིམས་ལས་འགལ་ནས་གློག་རྡུལ་ཉེན་རྟོག་པའི་པར་ཐེབས་པ་རེད། དེ་བས་མཱ་ཆེ་གེ་མོས་འདི་ག་ཚགས་པར་གྱི་ཐད་འབྲེལ་ཁ་པར་6970000བརྒྱབ་ནས་ཉིང་ཁྲིར་ལྷ་སའི་འཁོར་རྟགས་ཀྱི་རླངས་འཁོར་ལ་སྒྲིག་འགལ་གྱི་པར་བརྒྱབ་ན་ས་ཆ་གང་དུ་ཐག་གཅོད་བྱེད་པར་འགྲོ་དགོས་མིན་སྐོར་དྲིས་བྱུང་།

    གློག་རྡུལ་ཉེན་རྟོག་པས་སྒྲིག་འགལ་རླངས་འཁོར་ལ་པར་བརྒྱབ་པའི་ཆད་གཅོད་རིཌ་སྒྲིག་འགལ་བྱ་ཡུལ་ལམ་ཡང་ན་རླངས་འཁོར་གྱི་ཐེམ་ཐོ་ཡོད་སར་ཐག་གཅོད་བྱ་ཆོག

    མཱ་ཆེ་གེ་མོས་བཏོན་པའི་གནད་དོན་དེར་དམིགས་ནས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལྟ་སྐུལ་ཁྲིམས་འཛིན་རུ་ཆེན་གྱི་རུ་དཔོན་ཧུའོ་ཝུན་གྱིས་གནས་ཚུལ་འདི་ལྟ་བུ་རྒྱུན་དུ་འཕྲད་ཀྱི་ཡོད། ལྷག་པར་དུ་ལོ་ལྟར་ཡུལ་སྐོར་མང་བའི་དུས་སུ་སྒེར་འཁོར་བཏང་ནས་ལྷ་སར་ཡོང་སྐབས། ལ་ལས་མྱུར་ཚད་ལས་བརྒལ་བ་དང་ཕྱོགས་སྟོན་བཞིན་རླངས་འཁོར་མ་བཏང་བ་སོགས་ཀྱི་སྒྲིག་འགལ་བྱེད་སྤྱོད་དག་ལ་གློག་རྡུལ་ཉེན་རྟོག་པས་པར་བརྒྱབ་པ་དང་། ལ་ལས་སྟབས་བདེ་ཡོང་ཆེད་རླངས་འཁོར་ལམ་ཟུར་དུ་བཞག་པར་ཉེན་རྟོག་པས་མཐོང་ནས་དངུལ་ཆད་ཤོག་བྱང་སྦྱོར་གྱི་ཡོད་ཅེས་བཤད། འོ་ན་ས་ཆ་གཞན་ནས་སླེབས་པའི་རླངས་འཁོར་གྱིས་སྒྲིག་སྲོལ་ལས་འགལ་རིགས་ཐག་གཅོད་ཇི་ལྟར་བྱེད་དགོས་སམ་ཞེ་ན།

    ཧུའོ་ཝུན་གྱིས་ངོ་སྤྲོད་བྱས་དོན། ས་ཆ་གཞན་དུ་འཁོར་རིགས་ཀྱིས་སྒྲིག་འགལ་བྱས་པར་གཏན་འབེབས་གཉིས་ཡོད་དེ། གློག་རྡུལ་ཉེན་རྟོག་པས་རང་སར་སྒྲིག་འགལ་རླངས་འཁོར་ལ་པར་བརྒྱབ་པའི་དངུལ་ཆད་ཤོག་བྱང་མེད་རིགས་ལ། འཁོར་བདག་གིས་སྒྲིག་འགལ་བྱ་ཡུལ་ལམ་རླངས་འཁོར་གྱི་ཐེམ་ཐོ་ཡོད་སར་ཐག་གཅོད་བྱ་ཆོག གལ་སྲིད་ཉེན་རྟོག་པས་རང་སར་དངུལ་ཆད་བཅད(དཔེར་ན། ཉེན་རྟོག་པས་སྒྲིག་འགལ་གྱི་རླངས་འཁོར་ལ་རང་སར་དངུལ་ཆད་ཤོག་བྱང་སྦྱར་བ་ལྟ་བུ)རིགས་ལ་འཁོར་བདག་གིས་རླངས་འཁོར་གྱི་ཐེམ་ཐོ་ཡོད་སར་ཐག་གཅོད་བྱེད་ཐབས་བྲལ་བས་ཆད་པ་གཅད་ཡུལ་དུ་ཐག་གཅོད་བྱེད་པར་འགྲོ་དགོས། གནས་ཚུལ་དེ་འདྲའི་འོག་འཁོར་བདག་གིས་ཐོབ་ཐང་ལག་ཁྱེར་དང་། ཁ་ལོ་བའི་ལག་ཁྱེར། རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར། དངུལ་ཆད་ཤོག་བྱང་བཅས་ཁྱེར་ནས་དེ་གའི་འགྲིམ་འགྲུལ་ཉིང་ལག་རུ་ཁག་གམ་ཡང་ན་རུ་ཆེན་ལ་སྒྲིག་འགལ་གྱི་དངུལ་ཆད་འཇལ་བར་འགྲོ་དགོས།

    ས་ཆ་གཞན་དུ་སྒྲིག་འགལ་གྱི་དངུལ་ཆད་ཤོག་བྱང་སྤྲད་པ་བདེན་མིན་ཇི་ལྟར་རྟོགས་དགོས་སམ་ཞེ་ན། འཚོལ་ཞིབ་བྱ་ཡུལ་དུ་འབྲེལ་ཡོད་ཀྱི་ཞབས་ཞུ་ཤར་གཏོང་ཐུབ་ཡོད་ཚེ། དེའི་དྲ་སྦྲེལ་བརྒྱུད་ནས་བརྟག་ཆོག དྲ་སྦྲེལ་ལག་རྩལ་འཕེལ་རྒྱས་སོང་བ་དང་ཆབས་ཅིག དྲ་ཚུགས་མི་ཉུང་བས་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱེད་བཞིན་པས། ཚང་མས་རང་གི་རླངས་འཁོར་གྱི་འཁོར་རྟགས་དང་བཟོ་དབྱིབས་གང་ཡིན་བཤད་ན་འགྲིག གལ་སྲིད་སྒེར་གྱི་གསང་དབང་ཕྱི་ལ་མི་གྱར་བ་བྱ་བསམས་ཚེ། བློ་འདྲི་བྱེད་སྐབས་རླངས་འཁོར་ཀྱི་ཚབ་ཨང་བཅུག་ན་འགྲིག

    ས་ཆ་གཞན་དུ་སྒྲིག་འགལ་རླངས་འཁོར་གྱི་དངུལ་ཆད་དྲ་སྦྲེལ་བརྒྱུད་ནས་འཇལ་ཆོག

    མཱ་ཆེ་གེ་མོ་ལྟར་ལྷ་སའི་འཁོར་རྟགས་ཀྱི་རླངས་འཁོར་བཏང་ནས་ཉིང་ཁྲིར་སྐྱོད་སྐབས། གློག་རྡུལ་ཉེན་རྟོག་པས་སྒྲིག་འགལ་གྱི་བྱེད་སྤྱོད་པར་བརྒྱབ་རིགས་ཀྱི་དངུལ་ཆད་ཉིང་ཁྲིར་འཇལ་བར་འགྲོ་མི་དགོས་པར་ལྷ་ས་རང་དུ་འཇལ་ཆོག གལ་སྲིད་ཉེན་རྟོག་པས་རང་སར་དངུལ་ཆད་ཤོག་བྱང་སྤྲད་རིགས་ལ་གཏན་འབེབས་བཞིན་ཆད་གཅོད་བྱ་ཡུལ་གྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་དངུལ་ཆད་འཇལ་བར་འགྲོ་དགོས། ལྷ་ས་ནས་ཉིང་ཁྲི་བར་སྤྱི་ལེ་400ལྷག་ཙམ་ཡོད་པས་རླངས་འཁོར་བཏང་ནས་ཕྱིན་ཚེ་ཆུ་ཚོད་ལྔ་དྲུག་ཙམ་འགོར་གྱི་ཡོད་པར་བརྟེན། ས་ཆ་གཞན་དུ་འགྲིལ་འགྲུལ་སྒྲིག་ཁྲིམས་ལས་འགལ་བའི་དངུལ་ཆད་འཇལ་ཐབས་ཡག་པོ་གཞན་གང་ཡོད་དམ་ཞེ་ན།

    ངོ་སྤྲོད་བྱས་པར་གཞིགས་ན། ས་ཆ་གཞན་དུ་རླངས་འཁོར་གྱི་སྒྲིག་འགལ་བྱས་རིགས་ལ་སྤྱིར་ཐག་གཅོད་བྱེད་སྟངས་གཉིས་ཡོད་པ་སྟེ། འཁོར་བདག་གིས་སྒྲིག་ཁྲིམས་ལས་འགལ་ཡུལ་དུ་དངུལ་ཆད་འཇལ་བར་འགྲོ་བ་ནི་བྱེད་སྟངས་གཅིག་རེད། གང་ལགས་ཤེ་ན། ས་ཆ་སོ་སོར་དངུལ་ཆད་སྤྲོད་སྟངས་མི་གཅིག་པས་མ་ཐོན་གོང་ཁ་ལོ་བའི་ལག་ཁྱེར་དང་རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར་གྱི་མ་དེབ་བམ་ཡང་ན་པར་སློག་བརྒྱབ་པ་ཁྱེར་ནས་སྒྲིག་འགལ་བྱ་ཡུལ་གྱི་འཁོར་རིགས་དོ་དམ་སྡེ་ཚན་གྱི་འབྲེལ་ཡོད་མཛུབ་སྟོན་བཞིན་འགྲོ་ལུགས་གཉེར་དགོས། བྱ་ཐབས་དེ་ནི་ཆད་པ་སྤྱོད་སྟངས་རྙིང་པ་ཞིག་ཡིན་པས་བྱ་བ་དང་། དུས་ཚོད། སེམས་ནུས་བཅས་མང་པོ་འཛད་ཀྱི་ཡོད། དྲ་སྦྲེལ་བརྒྱུད་ནས་དངུལ་ཆད་འཇལ་བ་ནི་བྱེད་སྟངས་གཉིས་པ་རེད། ད་ཆ་བོད་ལྗོངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས“བོད་ལྗོངས་འགྲིམ་འགྲུལ་ཉེན་རྟོག”དང་“ལྷ་སའི་འགྲིམ་འགྲུལ་ཉེན་རྟོག”སོགས་ཀྱི་སྐད་འཕྲིན་སྤྱི་རྟགས་ཤར་གཏོང་ཐུབ་པས། ཚང་མས་སྐད་འཕྲིན་སྤྱི་རྟགས་བརྒྱུད་འཁོར་རིགས་ཀྱིས་སྒྲིག་འགལ་བྱས་ཡོད་མེད་དྲི་ཆོག་ཅིང་། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྒྲིག་འགལ་གྱི་དངུལ་ཆད་ཚང་མ་འཛུགས་སྐྲུན་དངུལ་ཁང་གི་དྲ་སྦྲེལ་བརྒྱུད་ནས་འཇལ་ཆོག་གི་ཡོད།


    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།