[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • སྐྱེས་པ་ཞིག་གིས་ལས་རོགས་རྙིང་པའི་སྐད་འཕྲིན་གྱི་གསང་བའི་ཨང་གྲངས་ཤེས་རྗེས་སྒོར་3000བརྐུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    གསར་འགོད་པར་ཤེས་རྟོཌ་བྱུང་བར། ཉེ་དུས། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་འདྲི་ཞིབ་བྱས་པ་དང་སྦྲགས། རྐུ་མ་བརྐུས་པའི་གྱོད་གཞི་ཞིག་ཁྲུན་ཐག་བཅད་པ་རེད། ཞུ་སྦྱོར་ཕྱི་མ་བློ་ཆེ་གེ་མོས་རྐུ་མ་བརྐུས་པའི་ཉེས་པ་བསགས་པར་དུས་བཀག་ལྟར་བཙོན་འཇུག་ཟླ་བ་6དང་ཉེས་ཆད་སྒོར་1000བཏང་བ་རེད།

    འདི་ལོའི་ཟླ་5པར། ཞུ་སྦྱོར་ཕྱི་མ་བློ་ཆེ་གེ་མོས་ལྷ་སའི་བོགས་གཏོང་ཁང་པ་ཞིག་ནས་རང་ཉིད་ཀྱི་ཁ་པར་སྤྱད་དེ་ལས་རོགས་རྙིང་པ་སངས་ཆེ་གེ་མོའི་སྐད་འཕྲིན་གྱི་གསང་བའི་ཨང་གྲངས་བླུགས་ཏེ། གནོད་འཚེ་ཕོག་མཁན་སངས་ཆེ་གེ་མོའི་ཁ་པར་དང་སྦྲེལ་བའི་དངུལ་ཁང་གཱ་ནང་གི་སྒོར་2000དང་སྐད་འཕྲིན་ཤོག་ཆག་གི་སྒོར་1189བསྡོམས་སྒོར་3189རང་ཉིད་ཀྱི་སྐད་འཕྲིན་དུ་བསྒྱུར་བ་དང་། དེ་རྗེས་གནོད་འཚེ་ཕོག་མཁན་སངས་ཆེ་གེ་མོའི་སྐད་འཕྲིན་གྱི་རྩིས་ཁྲ་སྤོ་སྒྱུར་ཟིན་ཐོ་བསུབས་པ་དང་སྦྲགས། རྩིས་ཐོའི་ཨང་གྲངས་དེ་མེད་པར་བཟོས་པ་རེད། གྱོད་གཞི་ཐོན་རྗེས། ཞུ་སྦྱོར་ཕྱི་མ་བློ་ཆེ་གེ་མོའི་སྤུན་མཆེད་ཀྱིས་སྒོར་3189གནོད་འཚེ་ཕོག་མཁན་ལ་ཕྱིར་སྤྲོད་བྱས་པ་དང་། གནོད་འཚེ་ཕོག་མཁན་གྱིས་བསམ་ཤེས་བྱས་པ་རེད།

    ཁྲིམས་ཁང་ནས་འདྲི་ཞིབ་བྱེད་སྐབས། ཞུ་སྦྱོར་ཕྱི་མ་བློ་ཆེ་གེ་མོས་ཁྲིམས་དང་མ་མཐུན་པར་རང་བདག་བྱེད་པ་དམིགས་ཡུལ་དུ་བྱས་ཏེ། སྐད་འཕྲིན་གྱི་གསང་བའི་ཨང་གྲངས་སྤྱད་དེ་གནོད་འཚེ་ཕོག་མཁན་གྱི་སྐད་འཕྲིན་རྩིས་ཐོའི་ཨང་གྲངས་ནང་འཛུལ་ནས། སྐད་འཕྲིན་གྱི་རྩིས་ཐོ་སྤོ་སྒྱུར་བྱས་ནས་གནོད་འཚེ་ཕོག་མཁན་གྱི་སྐད་འཕྲིན་དངུལ་ཁུག་དང་སྦྲེལ་བའི་དངུལ་ཁང་གཱ་དང་སྐད་འཕྲིན་ཤོག་ཆག་ནང་གི་བསྡོམས་སྒོར་3189རང་ཉིད་ཀྱི་སྐད་འཕྲིན་རྩིས་ཁྲར་བསྒྱུར་བ་དེ་དངུལ་འབོར་ཅུང་ཆེ་ཙམ་ཡོད་པས། ཁོ་པའི་བྱེད་སྤྱོད་ལས་རྐུ་མ་བརྐུས་པའི་ཉེས་པ་གྲུབ་ཡོད། ཞུ་སྦྱོར་ཕྱི་མ་བློ་ཆེ་གེ་མོ་ཁྲིམས་ལ་སྦྱར་རྗེས་རང་གི་ཉེས་པ་ངོས་ལེན་ཞུས་པ་མ་ཟད། ཁོ་པའི་སྤུན་མཆེད་ཀྱིས་གནོད་འཚེ་ཕོག་མཁན་ལ་གྱོང་གུན་ཆ་ཚང་བསབས་པར་ཕར་ཕྱོགས་ཀྱིས་བསམ་ཤེས་བྱས་པས། ཁྲིམས་ལྟར་ཉེས་པ་ཡང་དུ་གཏང་ཆོག་མོད། འོན་ཀྱང་ཞུ་སྦྱོར་ཕྱི་མ་བློ་ཆེ་གེ་མོར་དེ་སྔ་ཡང་བྱས་ཉེས་ཡོད་པས། གནས་ཚུལ་ལ་གཞིགས་ཏེ་ཉེས་པ་ལྕི་པོ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།