[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་སའི་སྤྱི་འཁོར་གྱི་ཆེད་སྤྱོད་ལམ་བཟོས་ཚར་ནས་སྤྱིའི་རིང་ཚད(ཁ་ཕྱོཌ་གཉིས)ལ་སྤྱི་ལེ་46ཟིན་པ།

    འཁོར་རིགས་གཞན་དག་ཁ་གཡས་ལ་གཅུ་སྐབས་སྤྱི་འཁོར་གྱི་ཆེད་སྤྱོད་ལམ་གཡར་ཆོག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    ཟླ་8ཚེས་12ཉིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱས་པར། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་སྤྱི་འཁོར་གྱི་ཆེད་སྤྱོད་ལམ་བཟོས་ཚར་ནས་སྤྱིའི་རིང་ཚད(ཁ་ཕྱོགས་གཉིས)ལ་སྤྱི་ལེ་46ཟིན་ཅིང་། ཅང་སུའུ་ལམ་དང་། པེ་ཅིང་ལམ། བཅིངས་འགྲོལ་ལམ། གླིང་སྐོར་ལམ། རྔ་ཆེན་ལམ་བཅས་ཀྱི་ལམ་རྒྱུད་དུ་སློབ་གྲྭ་9དང་། སྨན་ཁང་2 རླངས་འཁོར་འབབ་ཚུགས་2བཅས་ཡོད། ལམ་རྒྱུད་དུ་འགྲུལ་སྐྱེལ་རླངས་འཁོར་གྱི་སྐབས་འཕྲལ་ཁ་དགག་ཡུལ་དང་། ཁ་གཡས་ལ་གཅུ་མཁན་རླངས་འཁོར་གྱིས་སྐབས་འཕྲལ་ལམ་གཡར་ནས་གཅུ་ཆོག་པའི་སྟོན་རྟགས། སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འཁོར་ལམ་གྱི་མྱུར་ཚད་སྟོན་རྟགས་དང་མཚོན་ཐིག་བཅས་བཟོས་ཡོད་པ་མ་ཟད། ཁྱོན་བསྡོམས་པར་ལེན་གློག་མིག་54(སྤྱོད་འགོ་ཚུགས་རྗེས་ཡོངས་བསྒྲགས་བྱ་རྒྱུ)སྒྲིག་སྦྱོར་བྱས་པ་དང་། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་དེ་དག་སྤྱོད་འགོ་འཛུགས་པའི་ཞིབ་ཕྲའི་དུས་ཚོད་སྨྱན་སྦྱོར་བརྒྱུད་ནས་སྤྱི་བསྒྲཌ་བྱ་རྒྱུ་ཡིན་པ་རེད།

    xuwt98127_s.jpg

    གྲོང་མི།

    སྤྱི་འཁོར་གྱི་ཆེད་སྤྱོད་ལམ་སྤྱོད་འགོ་མ་ཚུགས་གོང་ཆེད་སྤྱོད་ལམ་བཟུང་ཚེ་ཆད་པ་གཅོད་དམ། ག་དུས་ནས་སྤྱོད་འགོ་ཚུགས་རྒྱུ་རེད་དམ།

    འཁོར་རིགས་གཞན་དག་གིས་སྤྱི་འཁོར་གྱི་ཆེད་སྤྱོད་ལམ་དུ་ཁ་གཡས་ལ་གཅུ་ཆོག་གམ།

    སྤྱི་འཁོར་གྱི་ཆེད་སྤྱོད་ལམ་སྤྱོད་འགོ་ཚུགས་རྗེས། ཆུ་ཚོད་24རིང་ངམ་ཡང་ན་དུས་བཀག་ནང་གཏང་མི་ཆོག་གམ།

    སྤྱི་འཁོར་ཕུད་འཁོར་རིགས་གང་དག་ཆེད་སྤྱོད་ལམ་དུ་བསྐྱོད་ཆོག་གམ(ཁ་གཡས་ལ་གཅུ་ཆོག་པ་ཕུད)

    སྤྱི་འཁོར་གྱི་འཁོར་ལམ་དུ་བདལ་གཏོང་རླངས་འཁོར་ནས་འགྲུལ་པ་ཇི་ལྟར་བླུག་པ་དང་འབེབས་དགོས་སམ།

    འཕྲུལ་སྒུལ་འཁོར་རིགས་སྤྱི་འཁོར་གྱི་ཆེད་སྤྱོད་ལམ་དུ་བསྐྱོད་པ་དང་བཞག་ཚེ་ཆད་པ་ཇི་ལྟར་གཅོད་ཀྱི་ཡོད་དམ།

    ཆེད་སྤྱོད་ལམ་སྤྱོད་འགོ་ཚུགས་རྗེས་སྤྱི་འཁོར་འཁོར་ལམ་དེ་ཁོ་ནར་མ་གཏོགས་འཁོར་ལམ་གཞན་དུ་གཏང་ཆོག་གམ།

    ཉེན་རྟོག་པ།

    དངོས་སུ་སྤྱོད་འགོ་མ་ཚུགས་གོང་སྤྱི་འཁོར་གྱི་ཆེད་སྤྱོད་ལམ་དུ་རླངས་འཁོར་གཏང་ཆོག་པ་མ་ཟད། ཆད་པ་གཅོད་ཀྱི་མེད། དུས་ཚོད་ཞིབ་ཕྲ་གཏན་འཁེལ་བྱས་རྗེས། ང་ཚོས་སྨྱན་སྦྱོར་བརྒྱུད་ནས་སྤྱི་བསྒྲགས་བྱ་སྲིད།

    སྤྱི་འཁོར་གྱི་ཆེད་སྤྱོད་ལམ་སྤྱོད་འགོ་ཚུཌ་རྗེས། ལམ་བཞི་མདོ་ཁར་རླངས་འཁོར་གཞན་དག་གིས་སྤྱི་འཁོར་གྱི་ཆེད་སྤྱོད་ལམ་ནས་ཁ་གཡས་ལ་གཅུ་ཆོག

    སྤྱི་འཁོར་གྱི་ཆེད་སྤྱོད་ལམ་སྤྱོད་པའི་དུས་ཚོད་བཟོས་ཡོད་པ་དང་། འཁོར་རིགས་གཞན་བསྐྱོད་མི་ཆོག་པའི་དུས་ཚོད་ནི་ཆུ་ཚོད་24མ་ཡིན་ཞིང་། དུས་ཚོད་ཞིབ་ཕྲ་ཆེད་སྤྱོད་ལམ་དངོས་སུ་མ་སྤྱད་གོང་བརྡ་ཐོ་གཏོང་སྲིད།

    སྤྱི་འཁོར་གྱི་ཆེད་སྤྱོད་ལམ་དུ་སྤྱི་འཁོར་ཕུད། ཛ་དྲག་ལས་འགན་སྒྲུབ་མཁན་གྱི་དམིགས་བསལ་རླངས་འཁོར་ཏེ། ཉེན་རྟོག་རླངས་འཁོར་དང་། མྱུར་སྐྱོབ་རླངས་འཁོར། མེ་ཟོན་རླངས་འཁོར། ལས་གྲྭའི་ཉེན་སེལ་རླངས་འཁོར་བཅས་བསྐྱོད་ཆོག་པ་དང་། དུས་མཚུངས་ཉེན་རོགས་དཀའ་སེལ་བྱེད་མཁན་གྱི་དཔང་རྟགས་ཡོད་པའི་སྤྱི་ཚོགས་ཀྱི་རླངས་འཁོར་སྐབས་འཕྲལ་བསྐྱོད་ཆོག་གི་ཡོད།

    སྤྱི་འཁོར་གྱི་ཆེད་སྤྱོད་ལམ་སྤྱོད་རིང་། བདལ་གཏོང་རླངས་འཁོར་གྱིས་དམིགས་བཙུགས་ཀྱི“སྐབས་འཕྲལ་ཁ་དགག་ཡུལ”དུ་འགྲུལ་པ་བླུག་པ་དང་འབེབས་ཆོག ཡིན་ནའང་འཕྲལ་དུ་ཁ་བཀག་ནས་འགྲོ་བ་ལས། སྤྱི་འཁོར་གྱི་རྒྱུན་གཏན་འགྲོ་སྐྱོད་ལ་འགོག་རྐྱེན་བཟོ་མི་རུང་།

    འཕྲུལ་སྒུལ་འཁོར་རིགས་ཀྱིས་གཏན་འབེབས་ལས་འགལ་ནས་ཆེད་སྤྱོད་ལམ་དུ་བཏང་ཚེ། ཁྲིམས་ལྟར་སྲིད་འཛིན་དངུལ་ཆད་སྒོར་200གཏོང་གི་རེད། འཕྲུལ་སྒུལ་འཁོར་རིགས་ཀྱིས་ཁ་དགག་མི་ཆོག་པའི་སྟོན་རྟགས་ལ་མ་བལྟོས་པར་ཁ་བཀག་ཚེ། ཁྲིམས་ལྟར་ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་3འཐེན་པ་དང་སྲིད་འཛིན་དངུལ་ཆད་སྒོར་200གཏོང་གི་རེད།

    སྤྱི་འཁོར་གྱི་ཆེད་སྤྱོད་ལམ་བཀོད་སྒྲིག་བྱས་པའི་ལམ་དུམ་བུར་སྤྱི་འཁོར་གཏན་འབེབས་བཞིན་འཁོར་ལམ་དེར་གཏོང་དགོས་པ་ལས། གང་བྱུང་དུ་ཆེད་སྤྱོད་མིན་པའི་འཁོར་ལམ་དུ་གཏང་མི་ཆོག གཏན་འབེབས་ཇི་བཞིན་འཁོར་ལམ་དུ་མ་བཏང་ཚེ། ཁྲིམས་ལྟར་དངུལ་སྒོར་200ཡི་སྲིད་འཛིན་དངུལ་ཆད་གཏོང་གི་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།