[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཉ་ཆུ་ལྟར་ཟབ་པའི་དམག་དམངས་ཀྱི་ལྷད་མེད་བརྩེ་སེམས།

    ​ —— ཅུན་ཧྲི་ཀྲང་ལི་ཤན་ཝུའེ་ཡིས་ལོ་16རིང་ཉི་མའི་ཁྱིམ་ཚང་ལ་རོགས་སྐྱོར་བྱས་པའི་གཏམ་རྒྱུད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    ཉེ་ཆར། བོད་དམག་ཁུལ་ཁང་གི་ཐོན་ཤོག་ཅིག་གིས། “གསར་བརྗེའི་ས་བོན་རྒྱུན་འཛིན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ལས་འགན་ལྕི་པོ་ཁུར་བའི”ཆེད་དོན་སློབ་གསོ་གཏིང་ཟབ་སྤེལ་སྐབས། རིམ་བཞིའི་ཅུན་ཧྲི་ཀྲང་ལི་ཤན་ཝུའེ་ཡིས་ལོ་16རིང་ཉི་མའི་ཁྱིམ་ལ་བརྩེ་སེམས་ཀྱི་རྒྱུན་བསྐྱངས་ཏེ་རོགས་སྐྱོར་གྱི་བྱས་རྗེས་ལ་དཔོན་དམག་མང་པོ་སེམས་འགུལ་ཐེབས་ཡོད།

    ལོ་16གོང་གི་དགུན་ཁ་ཞིག

    ལི་ཤན་ཝུའེ་དང་ཉི་མའི་ཁྱིམ་གྱི་ལས་དབང་ནི་ལོ་16གོང་གི་དགུན་ཁ་ཞིག་ནས་གླེང་དགོས། ཉིན་ཞིག་ལི་ཤན་ཝུའེ་འཁོར་ཞག་གི་དུས་ཚད་ཐིམ་ནས་དམག་དཔུང་དུ་ལོག་པའི་ལམ་བར་དུ། དམག་སྒར་དང་ཐག་མི་རིང་བའི་སར་ཁང་པ་ཐབས་ཆག་ཅིག་ཡོད་པ་མཐོང་། ཁོང་གིས་ཁང་པ་ཐབས་ཆག་དེའི་ནང་ཡང་སྙིང་སུ་ཞིག་སྡོད་ཀྱི་ཡོད་དམ་སྙམ་ནས་དེའི་ཕྱོགས་སུ་བསྐྱོད་དེ་ཁང་པའི་སྒོ་རྡུང་།

    ཁང་པའི་ནང་སླེབས་དུས། ཕྱི་ལ་ཁ་བ་ཆེན་པོ་འབབ་པ་དང་དུས་མཉམ་དུ་ནང་ལ་ཁ་བ་ལྷབ་ལྷུབ་ཏུ་འབབ་ཁར། ཐིགས་པ་ཡང་རྒྱག་གི་ཡོད་པ་དང་། དེ་བཞིན་ཐིགས་པ་མང་པོ་རྒྱག་སར་རས་ཀྱིས་བཀག་ཅིང་། ཁང་པའི་ནང་ཁྱིམ་ཆས་ངོ་དྲག་པ་གཅིག་ཀྱང་མེད་པ་མ་ཟད། ས་བཞུ་སྤར་ཡོད་པ་དང་འཐུང་ཆུ་དང་ལྟོ་གོས་ལ་དཀའ་ངལ་ཆེན་པོ་ཡོད་པ་ཤེས།

    ནང་ལ་མགྲོན་པོ་སླེབས་པ་མཐོང་སྐབས། ནང་མི་ཚང་མར་ཡ་མཚན་ཆེན་པོ་སྐྱེས། ལི་ཤན་ཝུའེ་ཡིས་ལམ་སེང་ང་ནི་བཅིངས་འགྲོལ་དམག་མི་ཡིན་ཞེས་བརྗོད། དེ་རྗེས་ཁོང་གིས་ཁྱིམ་ཚང་གི་གནས་ཚུལ་ཤེས་རྟོགས་བྱེད་སྐབས། ཁྱིམ་དུ་ཁྱོན་མི་6ཡོད་པ་དང་། ཁྱིམ་བདག་གི་མིང་ལ་ཉི་མ་ཟེར་བ། ཁྱིམ་ལ་ཨ་མ་རྒན་མོ་ཞིག་དང་། ཉི་མའི་བཟའ་ཟླ། དེ་བཞིན་ཁོ་གཉིས་ལ་ད་དུང་བུ་མོ་གསུམ་ཡོད་ཅིང་། དཔལ་འབྱོར་ཡོང་ཁུངས་ཚང་མ་ཉི་མ་གཅིག་པོར་བརྟེན་དགོས་ཤིང་། ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཞན་པས་བུ་མོ་གཅིག་མ་གཏོགས་གཞན་གཉིས་སློབ་གྲྭར་འགྲོ་བའི་ལོ་ཚོད་ལ་སླེབས་ཀྱང་། སློབ་གྲྭར་འགྲོ་ཐུབ་མེད་པ་རེད།

    གནས་ཚུལ་དེ་དག་ཤེས་རྗེས། ལི་ཤན་ཝུའེ་ཡིས་ལྟོ་ཕད་ནས་དངུལ་དམར་སྒོར་3000བཏོན་ནས་ཉི་མར་སྤྲད་ཅིང་། ཁོང་ལ་“ཕྲུ་གུ་སློབ་གྲྭར་འགྲོ་བའི་ལོ་ཚོད་ལ་སླེབས་པས་སློབ་གྲྭར་མ་བཏང་ན་ག་ལ་འགྲིག སློབ་གྲྭར་ཡིན་གཅིག་གཏོང་དགོས། མ་འོངས་པར་ངས་ཁོང་ཚོ་སློབ་ཆེན་མ་ཐོན་བར་ལོ་ལྟར་སྒོར་3000རོགས་སྐྱོར་བྱས་ཆོག”ཅེས་བརྗོད།

    ལྷད་མེད་ཀྱི་བརྩེ་བ་ཟབ་མོ།

    དམག་ཚུགས་སུ་སླེབས་རྗེས། ཁོང་གིས་ཉི་མའི་ཁྱིམ་ཚང་གི་གནས་ཚུལ་དམག་ཚུགས་ལ་སྙན་སེང་ཞུས་པ་དང་། ད་དུང་། ལི་ཤན་ཝུའེ་ཡིས་གཟའ་མཇུག་གི་ངལ་གསོའི་དུས་ཚོད་བེད་སྤྱད་དེ། དམག་རོགས་གཉིས་དང་མཉམ་དུ་དཔུང་སྡེའི་དྲོད་ཁང་ནས་འགྱིག་ཤོག་རྙིང་པ་དང་བེད་མེད་ཀྱི་ལྕཌ་ཤོག་ཁྱེར་ཏེ། ཉི་མའི་ཁང་པའི་ཐོག་ཁ་བསྐྱར་དུ་བཟོས་ནས་ཁོང་ཚོའི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་བཏང་བ་རེད།

    ཉི་མའི་ནང་མི་དང་ལི་ཤན་ཝུའེ་ཐོག་མར་ངོ་ཤེས་དུས། སྐད་བརྡ་མ་འཕྲོད་པའི་དཀའ་ངལ་འཕྲད་ཡོད། སྐབས་དེར་བུ་མོ་གསུམ་པོས་རྒྱ་སྐད་སྟབས་བདེ་ཙམ་ལས་ཤེས་ཀྱི་མེད་རྐྱེན། ལི་ཤན་ཝུའེ་ཡིས་ཁོམ་པ་བྱུང་མ་ཐག ཁོང་ཚོའི་ཁྱིམ་དུ་བསྐྱོད་ནས་བུ་མོར་རྒྱ་སྐད་དང་རྒྱ་ཡིག་འབྲི་སྟངས་བསླབས་ཏེ། ཁོ་ཚོའི་སློབ་ཕྱིའི་ཟུར་ཁྲིད་དགེ་རྒན་ཞིག་བྱས་པ་རེད།

    ཉིན་ཞིག་གི་དགོང་མོར། ལི་ཤན་ཝུའེ་མཚན་མོའི་སྡོད་བྱ་ཡིན་པ་དང་། ཉི་མའི་ཁྱིམ་གྱི་བུ་མོ་རྒན་པ་སྐར་མ་ནོར་འཛོམས་དངངས་སྐྲག་ཆེན་པོས་སྡོད་བྱ་བྱེད་སར་ཡོང་སྟེ། “ཨ་ཁུ་ལགས། མགྱོགས་པོ་ངའི་རྨོ་བོ་ལགས་སྐྱོབ་རོགས། ཁྱིམ་ལ་མི་རྒན་པ་གཅིག་ཀྱང་མེད། རྨོ་བོ་ལགས་སྙུན་འདུག”ཅེས་ངུ་གིན་དུ་བཤད།

    ལི་ཤན་ཝུའེ་ཡིས་ལམ་སེང་ཀྲན་ཀྲང་ལ་གནས་ཚུལ་སྙན་སེང་ཞུས་པ་སྦྲགས། དགོངས་པ་ཞུས་ནས་ཉི་མའི་ཁྱིམ་དུ་མགྱོགས་པོ་བསྐྱོད་ནས་རྨོ་བོ་ལགས་སྒལ་པར་ཁུར་ཏེ་ཉེ་འཁོར་གྱི་སྨན་ཁང་དུ་བསྐྱལ། སྨན་པས་ནད་པ་སྟབས་ལེགས་པ་ཞིག་ལ་སྨན་ཁང་དུ་མགྱོགས་པོ་བསྐྱལ་ཐུབ་པ་རེད། རྨོ་བོ་ལགས་ལ་དོས་དྲག་རང་བཞིན་གྱི་ཕོ་རྒྱུའི་གཉན་ཚད་ཕོག་འདུག གལ་སྲིད་སྨན་ཁང་དུ་མགྱོགས་པོ་བསྐྱལ་མེད་ཚེ། བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་ཉེན་ཡོད་ཅེས་བཤད། རྨོ་བོ་ལགས་ལ་སྨན་ཆུ་བླུགས་རྗེས་ལི་ཤན་ཝུའེ་ཡིས་སྨན་རིན་སྔོན་ལ་སྤྲད་རྗེས་ཁོང་ཚོར་གང་ཡང་མ་ལབ་པར་མུ་མཐུད་སྡོད་བྱ་བྱེད་པར་ལོག

    རྨོ་བོ་ལགས་དྲན་པ་ལས་གསོས་པ་དང་། ལི་ཤན་ཝུའེ་ཡིས་རང་ཉིད་ལ་རོགས་རམ་བྱས་པ་རྣམས་ཤེས་རྗེས“བཅིངས་འགྲོལ་དམག་མི་ཡག་པོ་འདུག”ཅེས་ཡང་ཡང་བརྗོད།

    ལོ་16གི་རྗེས་ཀྱི་འཕོ་འགྱུར།

    ལི་ཤན་ཝུའེ་དང་ཉི་མའི་ཁྱིམ་ཚང་དབར་གྱི་བརྩེ་སེམས་ཇེ་ཟབ་ཏུ་ཕྱིན་ཞིང་། ཁོང་གིས་ཉི་མའི་ཁྱིམ་ནི་རང་གི་ཁྱིམ་ལྟ་བུར་བརྩི་གི་ཡོད། རྨོ་བོ་ལགས་ཀྱིས“ལི་ཤན་ཝུའེ་ནི་རང་གི་དམག་མིའི་བུ་ཕྲུག་དང་ཤ་ལས་བཅད་པའི་ཕྲུ་གུ་དང་ཁྱད་མེད”ཅེས་བརྗོད་པ་དང་། རྒྱ་སྐད་ཤོད་མི་ཤེས་པའི་རྨོ་བོ་ལགས་ཀྱིས་ལི་ཤན་ཝུའེ་ཡི་མིང་ནས་འབོད་སྐབས་སྒྲ་ཧ་ཅང་དག་པོ་ཡོད་པ་རེད།

    དུས་ཚོད་ནི་ཆུ་མོའི་རྒྱུན་བཞིན་མིག་ཡུག་ཙམ་ཞིག་ལ་ལོ་16འདས་ཟིན། བུ་མོ་རྒན་པ་སྐར་མ་ནོར་འཛོམས་ད་ཆ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལས་ཀ་བྱེད་པ་དང་། བུ་མོ་འབྲིང་བ་སྐལ་བཟང་བདེ་སྒྲོན་ནི་དམིཌ་བསལ་སློབ་གསོའི་དགེ་རྒན་ཞིག་རེད། བུ་མོ་ཆུང་བ་སྐལ་བཟང་ཆོས་སྒྲོལ་འདི་ལོའི་ཟླ་བ་6པར་ལྷ་ས་དགེ་འོས་སློབ་གླིང་ནས་ཐོན་ཡོད།

    ལི་ཤན་ཝུའེ་ཡིས་བརྩེ་སེམས་ཟབ་མོ་བཅངས་ཏེ། ལོ་16རིང་ཉི་མའི་ཁྱིམ་ཚང་ལ་རོགས་སྐྱོར་བྱས་པའི་གཏམ་རྒྱུད་སྐོར་བརྗོད་སྐབས། གཅེན་གཅུང་ཚོས“གཅེན་པོ་ཤན་ཝུའེ་མེད་ན་ང་ཚོ་གཅེན་གཅུང་ཚོའི་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོང་མི་སྲིད། ང་ཚོས་ཁོང་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ་གཉེན་ཉེ་བཅིངས་འགྲོལ་དམག་མིར་ཡང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན”ཞེས་སེམས་འགུལ་ཐེབས་བཞིན་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།