[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • མཐོ་རྒྱུགས་ཀྱི་སྔ་ནུབ་ཏུ་ཁ་བསླུས་རྒྱག་ཐབས་འདི་རིགས་ལ་དོགས་ཟོན་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-18

    222副本_s.jpg

    ཁྱིམ་བདག་ཚང་མས་ཡིད་གཟབ་གནང་། 

    མཐོ་རྒྱུགས་ནི་ཁྱིམ་བདག་དང་ཕྲུ་གུ་ཚོས་མི་ཚེའི་ཁྲོད་དོ་སྣང་ཆེ་ཤོས་བྱེད་པའི་བྱ་བ་གལ་ཆེན་ཞིག་ཡིན་པས། ཁྲིམས་འགལ་བ་མང་པོ་ཞིག་གིས་སྐབས་དེ་དང་བསྟུན་ནས་ཁ་བསླུས་རྒྱག་སྟངས་སྣ་ཚོགས་ལ་བརྟེན་ནས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་ཁ་བསླུས་རྒྱག་གི་ཡོད། གལ་ཏེ་ཁྱིམ་བདག་དང་ཕྲུ་གུ་ཚོར་ཁྲམ་པ་དེ་རིགས་འཕྲད་ཚེ་ངེས་པར་དུ་རྫུན་རྐུབ་བརྟོལ་སྟངས་དང་འབྲེལ་གཏུག་བྱེད་སྟངས་ཤེས་པར་བྱས་ནས་སེམས་ཁུར་རྫུས་མས་རྐྱེན་པས་མགོ་སྐོར་དེ་རིགས་འོག་མི་ཚུད་པ་བྱེད་དགོས། གཞན་ཡང་རྒྱུགས་སྤྲོད་སློབ་མས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་། རྒྱུགས་སྤྲོད་སློབ་མའི་ཨང་རྟགས། གསང་བའི་ཨང་གྲངས་སོགས་ཆ་འཕྲིན་གལ་ཆེན་གཞན་ལ་མི་ཤོད་པར་སྒེར་གྱི་ཆ་འཕྲིན་ཉར་ཚགས་ཡག་པོ་མ་བྱུང་བའི་རྐྱེན་གྱིས་རང་གི་ཁེ་ཕན་ལ་གནོད་འཚེ་མི་ཕོག་པ་བྱེད་དགོས།

    ལོ་ལྟར་མཐོ་རྒྱུགས་གཏོང་སྐབས་ཁ་བསླུས་རྒྱག་མཁན་ཡང་མགོ་བདེ་པོ་ཡོད་ཅིང་། དཔེར་ན་རྒྱུགས་གཏོང་ཆོག་པའི་ལག་ཁྱེར་བརླགས་པའི་དཀྲོག་གཏམ་བཟོས་པ་སྟེ། 2012ལོ་ནས་བཟུང་། ལོ་ལྟར་དཀྲོག་གཏམ་འདི་འདྲ་མང་པོ་ཐོན་ཡོད་ལ། ཁྱིམ་བདག་ཚོས་ཀྱང་དོ་སྣང་མ་བྱས་པར་གང་བྱུང་དུ“བརྒྱུད་སྐུར”བྱེད་ཀྱི་ཡོད། དཀྲོག་གཏམ་གྱི་རྒྱབ་ཏུ་རྟག་ཏུ་མགོ་སྐོར་གཡོ་ཇུས་ཀྱིས་ཁེངས་ཡོད། གནད་དོན་དེར་དམིགས་ནས་རང་སྐྱོང་ལྗོངས་ཁ་བསླུས་འགོག་རྒོལ་ལྟེ་གནས(རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཉེས་དོན་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག)ཀྱིས་རྒྱ་ཆེའི་སློབ་མ་དང་ཁྱིམ་བདག་རྣམས་ལ་དོགས་ཟོན་ཆེར་སྐྱེད་ཀྱིས་མགོ་སྐོར་དང་གཡོ་འོག་ཏུ་མི་ཚུད་པ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད། རང་སྐྱོང་ལྗོངས་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱིས་ཀྱང་ཉེ་ལམ་ལོ་ཤས་རིང་མཐོ་རྒྱུགས་སྐབས་སྔ་རྗེས་སུ་ཐོན་པའི་ཁ་བསླུས་རྒྱག་ཐབས་འགའ་ལ་ཕྱོགས་སྡོམ་བྱས་ནས་ཚང་མ་དོང་རྙིར་མི་ཚུད་པ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

    11_s.jpg

    མགོ་སྐོར་འོག་ཚུད་དུས་ཕྱི་དྲགས་སོང་། 

    ◆ མཛའ་བརྩེའི་དྲན་སྐུལ། 

    རང་སྐྱོང་ལྗོངས་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱིས་དྲན་སྐུལ་ཞུ་རྒྱུར། ཁ་བསླུས་རྒྱག་སྟངས་ཡོད་ཚད་དངུལ་ལ་ལྡིར་བ་ཤ་སྟག་ཡིན་པས་དངུལ་དང་འབྲེལ་བ་ཡོད་ཚེ་སློབ་ཕྲུག་དང་ཁྱིམ་བདག་ཚོས་ངེས་པར་དུ་ཡིད་གཟབ་བྱེད་དགོས། སློབ་བསྡུའི་ཐད་དཀའ་གནད་དང་དོགས་གནད་འཕྲད་སྐབས་ཐབས་ལམ་ཡང་དག་བརྒྱུད་ནས་ཞིབ་བཤེར་དང་བདེན་མིན་ཞིབ་དཔྱད་བྱེད་པ་ལས་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་དང་རྒྱུགས་གཏོང་ཆོག་པའི་ལག་ཁྱེར་གྱི་ཨང་གྲངས་སོགས་ཆ་འཕྲིན་གང་བྱུང་དུ་སྤྲོད་མི་རུང་།

    ◆ ཁ་བསླུས་རྒྱག་ཐབས་དང་པོ། 

    སྐར་གྲངས་འདྲི་རྩད་དྲ་ཚུགས་རྫུས་མ་བཟོ་བ། ཁ་བསླུས་རྒྱག་མཁན་གྱིས་འཕྲིན་ཐུང་ནས་སྐར་གྲངས་འདྲི་ས་རྫུས་མ་བཟོས་ནས་རྒྱུགས་སྤྲོད་སློབ་མར་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་ཨང་གྲངས་དང་། རུས་མིང་། ལག་ཐོགས་ཁ་པར་གྱི་ཨང་གྲངས། དངུལ་ཁང་གི་ཐོ་ཁོངས་ཨང་གྲངས་སོགས་ཀྱི་ཆ་འཕྲིན་མཁོ་འདོན་བྱེད་དུ་བཅུག་ནས་ཆ་འཕྲིན་དེ་དག་ཐོ་བཀོད་པ་དང་འབྲེལ་གཞན་ལ་འཚོང་བའམ་ཡང་ན་ཆ་འཕྲིན་དེ་དག་ལ་གཞིགས་ནས་གནད་ལ་འཁེལ་བའི་ངང་གློག་འཕྲིན་གྱི་ཁ་བསླུས་རྒྱག་གི་ཡོད།

    ◆ ཁ་བསླུས་རྒྱག་ཐབས་གཉིས་པ། 

    “ནང་ཁུལ་གྱི་ཚད་གཞིའམ”ཡང་ན“དམིགས་བསལ་གྱི་འབྲེལ་བ”ཡོད་ཁུལ་བྱེད་པ། ཁྲིམས་འགལ་བས་རང་ཉིད་མཐོ་སློབ་བམ་ཡང་ན་སློབ་བསྡུ་གཞུང་ལས་ཁང་གི་འགོ་ཁྲིད་ཆེ་གེ་མོའི་ངོ་ཤེས་པ་དང་། གཉེན་ཉེ། གྲོགས་པོ་བཅས་ཡིན་ཁུལ་བྱས་ཏེ“ནང་ཁུལ་གྱི་ཚད་གཞི”དང་། “སྐབས་བསྟུན་གྱི་ཚད་གཞི” “མཐོ་སློབ་ཀྱི་རང་བརྟེན་སློབ་བསྡུའི་ཚད་གཞི”སོགས་ཀྱི་མིང་གྲངས་ཡོད་ཟེར་བ་དང་། “སྐར་གྲངས་དམའ་པོ་ཡིན་རུང་མཐོ་པོས་བསྡུ་བའི”ཐབས་ཤེས་ཡོད་ཟེར་བའམ་ཡང་ན་དམིགས་བསལ་ཁྱད་ཡོན་ལྡན་པའི་སློབ་མར་སྐར་གྲངས་སྣོན་པ་དང་། “དངོས་གཞིའི་ཚན་ཁག་དཀྱུས་མའི”སྐར་གྲངས་ཀྱི་ཚད་གཞིའི་སློབ་མ་གཙོ་གནད་སློབ་གླིང་དང་སློབ་གྲྭར་བསྡུ་བ་དང་། ཆེད་ཚན་གྱི་སྐར་གྲངས་ཚད་གཞིའི་རྒྱུགས་སྤྲོད་སློབ་མ་དངོས་གཞིའི་ཚན་ཁག་གི་སློབ་གླིང་དང་སློབ་གྲྭར་བསྡུ་བའམ་ཡང་ན་ཆེད་ལས་དཀྱུས་མ་ནས་མིང་ཐོ་འགོད་མཁན་མང་བའི་ཆེད་ལས་ལ་སྒྱུར་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཁ་བསླུས་རྒྱག་གི་ཡོད།

    ◆ ཁ་བསླུས་རྒྱག་ཐབས་གསུམ་པ།

    སྒྱུ་རྩལ་ཚན་ཁག་གི་སློབ་མས་དངུལ་སྤྲད་ན་བསྡུ་བ་འགན་ལེན་བྱེད་ཀྱི་ཡོད་ཟེར་བ། མི་ཁ་ཤས་ཀྱིས་ཁྲིམས་འགལ་ངང་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་སེམས་ཁྲལ་ཆེན་པོ་བྱེད་པ་དང་། དེ་བཞིན་སློབ་བསྡུའི་དུས་ཡུན་རིང་བའི་ཁྱད་ཆོས་སྣ་ཚོགས་སྤྱད་དེ་དངུལ་སྤྲད་ན“རོགས་པ་བྱ་ཆོག”ཟེར་བའམ་ཡང་ན“དངུལ་མ་སྤྲད་ན་མི་བསྡུ་བ” “དངུལ་མ་སྤྲད་ན་ཡིག་ཚགས་སློག་གི་ཡིན”ཟེར་ནས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་ཞེད་སྣང་བསྐུལ་ཏེ་དངུལ་ཁ་བསླུས་རྒྱག་གི་ཡོད།

    ◆ ཁ་བསླུས་རྒྱག་ཐབས་བཞི་པ། 

    མཐོ་སློབ་ཀྱི་སློབ་བསྡུའི་མི་སྣ་ཡིན་ཁུལ་བྱེད་པ། ཁྲིམས་འགལ་བས་ཡིག་ཆ་རྫུས་མ་བཟོས་པ་དང་། ཐམ་ག་ལྐོག་ཏུ་བརྐོས་པ། མིང་ཐོ་འགོད་ས་དང་བློ་འདྲིའི་ཁ་པར་བཙུགས་པ་བཅས་ཀྱི་བྱ་ཐབས་ལ་བརྟེན་ནས་མཐོ་སློབ་སློབ་བསྡུ་གཞུང་ལས་ཁང་གི་མི་སྣ་ཡིན་ཁུལ་གྱིས་ལག་ཏུ་མཐོ་སློབ་ཀྱི“ནང་ཁུལ་གྱི་ཚད་གཞི”དང་། “སྐབས་བསྟུན་གྱི་འཆར་གཞི” “གནས་གཏན་འཁེལ་སློབ་མའི་འཆར་གཞི”སོགས་ཡོད་ཅེས་རྫུན་བཤད་ནས་ཁྱིམ་བདག་གིས་སྔོན་ལ་དངུལ་སྤྲོད་དུ་བཅུག་པ་དང་དེ་རྗེས་མྱུར་དུ་བྲོས་འགྲོ་གི་ཡོད།

    ◆ ཁ་བསླུས་རྒྱག་ཐབས་ལྔ་པ། 

    བསྡུ་ལེན་བརྡ་ཐོ་རྫུས་མ་བཟོ་བ། ཁ་བསླུས་རྒྱག་མཁན་གྱིས་སྦྲག་སྲིད་ཅུས་བརྒྱུད་རྒྱུགས་སྤྲོད་སློབ་མར་བསྡུ་ལེན་བརྡ་ཐོ་རྫུས་མ་སྐྱེལ་ཁུལ་བྱས་ནས་རྒྱུགས་སྤྲོད་སློབ་མས་སློབ་ཡོན་ཙག་ཙིག་དངུལ་ཁང་གི་རྩིས་ཁྲར་བསྐུར་དུ་འཇུག་གི་ཡོད།

    ◆ ཁ་བསླུས་རྒྱག་ཐབས་དྲུག་པ། 

    སློབ་སྐྱོར་རོགས་དངུལ་སྔ་སྣུར་དུ་སྤྲོད་རྒྱུར་ཁ་གཡར་བ། ཁ་བསླུས་རྒྱག་མཁན་གྱིས་རང་ཉིད་སློབ་གསོ་ཅུས་ཀྱི་ལས་དོན་མི་སྣ་ཡིན་ཁུལ་བྱས་ཏེ་དཀའ་ངལ་ཡོད་པའི་སློབ་མའམ་ཡང་ན་སྦྱངས་འབྲས་གཟེངས་སུ་ཐོན་པའི་སློབ་མར་སློབ་སྐྱོར་རོགས་དངུལ་སྔ་སྣུར་དུ་ལེན་པར་ཡོང་དགོས་ལུགས་བཤད་ནས་གནོད་འཚེ་ཕོག་མཁན་ལ་གློག་རྡུལ་དངུལ་ཁང་ནས་དངུལ་ཁོངས་ཀྱི་རྩིས་ཐོ་སྒྱུར་དུ་འཇུག་གི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།