[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • ཕྲུ་གུའི་པར་དང་། རླངས་འཁོར་གྱི་འཁོར་བྱང་། ཚོང་ལས་གསང་བ་སོགས་གྲོགས་ཚོགས་སུ་བསྐུར་མི་རུང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-18

    ཚང་མས་རང་ཉིད་ཀྱི་སྐད་འཕྲིན་ཁ་ཕྱེ་ཚེ། ཁྱིམ་མི་དང་གྲོགས་པོ་ལས་གཞན་ད་དུང་ཉོ་ཚབ་དང་། སྐད་འཕྲིན་ཚོང་པ། ལས་སྒོའི་འབྲེལ་གཏུག་སོགས་ཀྱི་སྐད་འཕྲིན་གཞན་མང་པོ་ཡོད་པ་མཐོང་ཐུབ། གྲོགས་ཚོགས་སུ་ཉུང་མཐར་ཡང་མི་བརྒྱ་ཉིས་བརྒྱ་ཡོད་པའི་ནང་མང་ཆེ་བ་ནི་ག་དུས་སྐད་འཕྲིན་ནང་བཅུག་མིན་བསམ་བློར་འཁོར་མི་ཐུབ་ལ་ངོ་ཡང་ཤེས་ཀྱི་མེད། དེར་བརྟེན་གྲོགས་ཚོགས་སུ་པར་གཅིག་བསྐུར་ན་ཚང་མས་མཐོང་བ་མ་ཟད། ཕན་ཚུན་བསྐུར་རེས་བྱས་ནས་རྙོག་དྲ་མི་ཉུང་བ་བཟོ་གི་ཡོད།

    liy96295_s.jpg

    གཅིག སྤ་སེ་མི་སྐུར་བ།

    སྤ་སེར་མི་སྒེར་གྱི་ཆ་འཕྲིན་བཀོད་པས་སྐད་འཕྲིན་དུ་བསྐུར་མི་རུང་།

    གནམ་གྲུའི་སྤ་སེ་དང་མེ་འཁོར་གྱི་སྤ་སེ་སོགས་སུ་སྒེར་གྱི་ཐོབ་ཐང་ཆ་འཕྲིན་ཡོད་པས། མི་ལ་ལས་སྤ་སེ་སྐད་འཕྲིན་དུ་སྐུར་བའི་སྐབས་སུ་སྒེར་གྱི་ཆ་འཕྲིན་གྱར་པར་དོགས་ནས་སྤ་སེའི་ངོས་ཀྱི་རྩ་གཉིས་ཨང་རྟགས་འགེབས་ཀྱི་ཡོད། འོན་ཀྱང་ལ་ལས་རྩ་གཉིས་ཨང་རྟགས་འགེབས་ཀྱི་མེད་པས། རྩ་གཉིས་ཨང་རྟགས་མཉེན་ཆས་ཀྱིས་བཤེར་བ་ཙམ་གྱིས་རང་ཉིད་ཀྱི་ཆ་འཕྲིན་གཞན་གྱིས་བརྐུས་ནས་ཕྱིར་གྱར་གྱི་ཡོད་པ་དང་། སྤ་སེའི་ངོས་ཀྱི་ཐོབ་ཐང་ལག་ཁྱེར་ཨང་གྲངས་དང་མིང་སོགས་ཀྱང་ཁྲིམས་འགལ་བས་སྤྱད་དེ་ཁ་བསླུས་རྒྱག་གི་ཡོད།

    གཉིས། རླངས་འཁོར་གྱི་འཁོར་བྱང་མི་སྐུར་བ།

    རླངས་འཁོར་གྱི་འཁོར་བྱང་སྐད་འཕྲིན་དུ་བསྐུར་མི་རུང་།

    མི་ལ་ལས་ཨང་རྟགས་མི་འགེབས་པར་རང་ཉིད་ཀྱི་རླངས་འཁོར་གསར་པ་གྲོགས་ཚོགས་སུ་སྐུར་གྱི་ཡོད། དེ་ལྟར་བྱས་ན་རླངས་འཁོར་གྱི་ཨང་རྟགས་གཞན་གྱི་བརྐུས་ནས་རྙོག་དྲ་མི་ཉུང་བ་བཟོ་སྲིད་པས། རླངས་འཁོར་གསར་པ་སྐད་འཕྲིན་དུ་སྐུར་སྐབས་ཨང་རྟགས་ངེས་པར་དུ་འགེབས་དགོས། ཁྲིམས་འགལ་བ་ལ་ལས་ཨང་རྟགས་བཀབ་མེད་པའི་གོ་སྐབས་སྤྱད་ནས་རླངས་འཁོར་གྱི་ཨང་རྟགས་རྫུས་མ་བཟོ་ཡི་ཡོད།

    གསུམ། ཁང་པ་མི་སྐུར་བ།

    སྡོད་སའི་སྡེ་ཁུལ་གྱི་མིང་དང་སྒོ་རྟགས་སྐད་འཕྲིན་དུ་བསྐུར་མི་རུང་།

    འཁྲབ་སྟོན་པ་ཞིག་གིས་རང་ཁྱིམ་གྱི་ཕྱིའི་མཛེས་ལྗོངས་ཀྱི་པར་གཉིས་དཔོད་འཕྲིན་དུ་བསྐུར་བ་དང་། དྲ་གྲོགས་ཀྱིས་དཔོད་འཕྲིན་དེ་བརྒྱུད་འཁྲབ་སྟོན་པ་དེ་སྡོད་སའི་སྡེ་ཁུལ་གྱི་མིང་དང་། ཐོག་སོའི་ཨང་རྟགས། སྒོ་རྟགས་བཅས་གང་དུ་ཡོད་མིན་ཤེས། ཁྱིམ་ཚང་གི་སྡོད་གནས་ནི་སྒེར་གྱི་གསང་བའི་ནང་དོན་གལ་ཆེན་ཞིག་རེད། རྙོག་དྲ་དང་ཉེན་ཁ་མི་ཡོང་བའི་ཆེད་དུ་སྡེ་ཁུལ་གྱི་མིང་དང་སྒོ་རྟགས། ད་དུང་སྡོད་སའི་ཁང་པ་དང་མཛེས་ལྗོངས་སོགས་རབ་ཡིན་ན་གྲོགས་ཚོགས་སུ་བསྐུར་མི་རུང་།

    བཞི། ཕྲུ་གུ་མི་སྐུར་བ།

    ཕྲུ་གུའི་མིང་དང་པར་སྐད་འཕྲིན་དུ་བསྐུར་མི་རུང་།

    ཕྲུ་གུའི་པར་དང་། མིང་། གང་དུ་སྐྱོད་མིན། བུ་བཅོལ་ཁང་དང་སློབ་ཆུང་གང་དུ་ཡོད་མེད་བཅས་གྲོགས་ཚོགས་སུ་བསྐུར་མི་རུང་། མི་ངན་ལ་ལས་སློབ་གྲྭའི་དགེ་རྒན་ལ་བརྫུས་ནས་ཕྲུ་གུར་རྨས་སྐྱོན་ཕོག་པར་ཁ་གཡར་ཏེ་དངུལ་ཁ་བསླུས་རྒྱག་གི་ཡོད། ཕྲུ་གུའི་མིང་ཤེས་རྗེས་སློབ་གྲྭ་ནས་ཕྲུ་གུ་བཙན་ཁྲིད་བྱེད་པ་དང་ཁྱིམ་བདག་གི་ས་ནས་དངུལ་ཁ་བསླུས་བརྒྱབ་པའི་གྱོད་གཞི་མང་པོ་ཐོན་མྱོང་ཡོད། གཞན་ཡང་རྒན་རྒོན་གྱི་ཆ་འཕྲིན་སྲུང་སྐྱོང་ལ་དོ་སྣང་བྱེད་དགོས། མི་ངན་ལ་ལས་སྐྱག་རྫུན་བཤད་དེ་རྒན་རྒོན་གྱི་ས་ནས་དངུལ་ཁ་བསླུས་རྒྱག་གི་ཡོད།

    ལྔ། རྒྱུ་ནོར་མི་སྐུར་བ།

    རྩ་ཆེའི་དངོས་རྫས་སྐད་འཕྲིན་དུ་བསྐུར་མི་རུང་།

    མི་ལ་ལས་སྐད་འཕྲིན་དུ་རང་ཉིད་ཀྱི་རྒྱུ་ངོམས་ན་གཞན་གྱིས་ཕྲག་དོག་བྱ་སྲིད་པ་མ་ཟད། ཁྲིམས་འགལ་བས་ལྡིར་སར་འགྱུར་གྱི་ཡོད་ལ། ཁ་ཤས་ཀྱིས་པར་དང་ལྷན་དུ་རང་ཉིད་ཀྱི་སྡོད་གནས་ཀྱང་བསྐུར་བས་ན། རང་ཉིད་ཀྱི་སྡོད་གནས་གཞན་གྱིས་ཤེས་སླ་བས་ཉེན་ཁ་ཆེན་པོ་ཡོད།

    དྲུག གསང་བ་མི་སྐུར་བ།

    ཚོང་ལས་ཀྱི་གསང་བ་སོགས་སྐད་འཕྲིན་དུ་བསྐུར་མི་རུང་།

    མི་ལ་ལས་རང་ཉིད་ཀྱི་ཀུང་སིའི་གནས་སམ་ཡང་ན་ལས་ཀའི་བྱས་རྗེས་ངོམ་ཆེད་གྲོགས་ཚོགས་སུ་ཀུང་སིའི་གསང་བའི་ཆ་འཕྲིན་དང་། རྣམ་གྲངས་མཉམ་ལས་ཡི་གེ གྲོས་མོལ་དུས་ཚོད། འོས་སྐུལ་འོས་དཔོད་ཀྱི་གནས་ཚུལ་སོགས་ཚོང་ལས་དང་འབྲེལ་བའི་ནང་དོན་བསྐུར་བར་བརྟེན་ཀུང་སིའི་ཚོང་ལས་འགྲན་རྩོད་ཀྱི་གོ་སྐབས་ཤོར་བའི་ཁར་དཔལ་འབྱོར་ལའང་གྱོང་གུན་ཕོག་གི་ཡོད། རྒྱལ་ཁབ་ཀྱི་གསང་བ་གྲོགས་ཚོགས་སུ་དེ་བས་བསྐུར་མི་རུང་།

    བདུན། ཐོ་རྒྱག་པའི་བརྡ་ཆ་མི་བསྐུར་བ།

    རྒྱུན་གཏན་མིན་པའི་ཚོང་ལས་ཀྱི་གནས་ཚུལ་སྐད་འཕྲིན་དུ་བསྐུར་མི་རུང་།

    ཟླ་5ཚེས་13ཉིན། སྐད་འཕྲིན་བདེ་འཇགས་ལྟེ་གནས་ཀྱིས《གྲོགས་པོར་བསླུ་བྲིད་ཀྱིས་གྲོགས་ཚོགས་སུ་ཐོ་རྒྱག་པའི་རིགས་ཐག་གཅོད་བྱེད་རྒྱུའི་སྐོར་གྱི་སྤྱི་བསྒྲགས》བསྒྲགས་ཏེ་སློབ་སྦྱོང་གི་APPལྟ་བུས་སློབ་ཡོན་ཕྱིར་སློག་པ་དང་དངོས་པོ་སྤྲོད་པ་སོགས་བྱེད་ཐབས་སྤྱད་དེ་སྐད་འཕྲིན་སྤྱོད་མཁན་ལ་དེའི་སྦྲེལ་ཚུགས་གྲོགས་ཚོགས་སུ་བསྐུར་ནས་ཐོ་རྒྱག་ཏུ་འཇུག་པ་དང་དེ་ནི《སྐད་འཕྲིན་ཕྱིའི་སྦྲེལ་ཚུགས་ཀྱི་ནང་དོན་དོ་དམ་ཚད་ལྡན》ལས་འགལ་བ་ཞིག་རེད།

    “ཐོ་རྒྱག”པ་ནི་སྤྱོད་མཁན་མང་དུ་གཏོང་བ་དང་གཉེར་སྐྱོང་གི་ཐབས་ཇུས་ཤིག་ཡིན་པ་ལས། སྤྱོད་མཁན་གྱི་མྱོང་བ་མཐོར་གཏོང་དང་སློབ་སྦྱོང་ལ་སྐུལ་མ་བྱེད་པ་ཞིག་གཏན་ནས་མིན། དེར་བརྟེན་སྐད་འཕྲིན་གྲོགས་ཚོགས་སུ་གཉེར་སྐྱོང་བྱེད་ཐབས་འདིའི་རིགས་ཁྱབ་གདལ་གཏོང་མི་རུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།