[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་བློ་འདྲི།
  • ལྷ་སའི་ཉེན་རྟོག་པས་ཁ་བསླུས་ཐེངས་10ལྷག་ཙམ་རྒྱག་མཁན་གྱི་ ཉེས་གསོག་དོགས་ཅན་ཞིག་བཟུང་བ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-04-18

    ཁ་བསླུས་སྐོར་གླེང་སྐབས་ཚང་མས་སྔོན་ལ་བསམ་བློ་འཁོར་བ་ནི་གློག་འཕྲིན་ཁ་བསླུས་ཡིན་མོད། རྒྱུན་གཏན་འཚོ་བའི་ཁྲོད་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་བྱེད་དགོས་པ་མ་ཟད། ད་དུང་སྤྱིར་བཏང་ཁ་བསླུས་ལའང་དོགས་ཟོན་བྱེད་དགོས། ཉེ་དུས་ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་དོགས་ཡོད་པ་ཞིག་བཟུང་བ་དང་། ཉེས་གསོག་དོགས་ཅན་དེས་མི་གཞན་རྗེས་སྙེགས་གཏོང་བའམ་འཁྲིས་ནས་གཞན་གྱི་སྐད་ཆར་ལྐོག་ཉན་བྱེད་པ་སོགས་ཀྱི་ཐབས་ཤེས་ཐོག་ནས་གཞན་གྱི་མིང་དང་། ཁྱིམ་ཚང་། ལས་ཀ་སོགས་ཀྱི་ཆ་འཕྲིན་ཤེས་རྗེས་ཕ་ཡུལ་གཅིག་པར་བརྫུས་ཏེ་སྨན་རྫས་ཉོ་སྒྲུབ་དང་གེགས་སྐྱོབ་དངོས་ཟོག་དང་དམག་མིའི་མཁོ་ཆས་སྟེར་རྒྱུ་ཡོད་པ་རྒྱུ་མཚན་དུ་བྱས་ནས་ཁ་བསླུས་རྒྱག་གི་ཡོད་པས། ཉེན་རྟོག་ཕྱོགས་ཀྱིས་རྒྱ་ཆེའི་གྲོང་མི་ཚོས་རང་དགར་གཞན་ལ་ཡིད་ཆེས་བྱ་རྒྱུ་མེད་པར་རྒྱུས་མེད་པས་འདྲི་སྨེད་གཏོང་བར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་འདུག

    ཕ་ཡུལ་གཅིག་པ་ཡིན་ཞེས་རང་འགུལ་ངང་འདྲི་སྨེད་གཏོང་མཁན་ལ་ཡིད་གཟབ་བྱེད་དགོས་འདུག

    རྒྱུས་མེད་པ་དང་འདྲི་སྨེད་གཏོང་བ།  “ཕ་ཡུལ་གཅིག་པ། གོང་ཁེ་བའི་སྨན་དགོས་སམ”

    2016ལོའི་ཟླ་11པར་བཀྲ་ཆེ་གེ་མོར་ཉང་བྲན་ལམ་གྱི་འཚེམ་ཁང་ཞིག་ནས་རྒྱུས་མེད་པའི་སྐྱེས་པ་ཞིག་ཐུག་པ་དེས་ཁོང་གི་ལག་པ་ནས་འཇུས་ཏེ། “གཤམ་འོག་ཏུ་སྐྱོད་སྐབས་ང་རང་གཉིས་ཐུག་མྱོང་ཡོད་པ་མ་ཟད། ང་གཉིས་ཕ་ཡུལ་གཅིག་པ་རེད”ཅེས་དང་། སྐྱེས་པ་དེས་ད་དུང་བཀྲ་ཆེ་གེ་མོའི་ཕ་ཡུལ་ཡང་བཤད་པས་བཀྲ་ཆེ་གེ་མོས་དོགས་ཟོན་དེ་ཙམ་བྱས་མེད།

    སྐྱེས་པ་དེས་བཀྲ་ཆེ་གེ་མོ་དང་ཁ་བརྡར་ཡུད་ཙམ་གློད་རྗེས་བཀྲ་ཆེ་གེ་མོར། ཁོ་པ་ད་ཆ་སྨན་ཁང་ག་གེ་མོ་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་པས། གོང་ཁེ་བའི་སྨན་ཉོ་ཐུབ། ང་དེ་རིང་སྨན་ཁང་དུ་སྨན་ལེན་པར་འགྲོ་དགོས་ཡོད་པས། ཁྱེད་རང་ལ་སྨན་དགོས་སམ་ཞེས་བཤད་པར། བཀྲ་ཆེ་གེ་མོས་བསམ་བློ་ཡུད་ཙམ་བཏང་རྗེས་ཉེ་དུས་རང་ཉིད་ལ་སྨན་ཞིག་དགོས་ཚུལ་བཤད་པས། སྐྱེས་པ་དེས་དེ་མ་ཉིད་དུ་བཀྲ་ཆེ་གེ་མོར་སྨན་གོང་ཁེ་པོས་ཉོ་ཐུབ་མོད། སྔོན་ལ་སྒོར་15000ཡི་གཏའ་མ་འཇོག་དགོས་ཚུལ་བཤད། བཀྲ་ཆེ་གེ་མོས་བསམ་བློ་ཡུན་རིང་བཏང་ནས་སྐྱེས་པ་དེར་སྒོར་15000སྤྲད་རྗེས་སྐྱེས་པ་དེ་དང་འབྲེལ་བ་ཆད། བཀྲ་ཆེ་གེ་མོར་དོགས་པ་བྱུང་སྟེ་འཕྲལ་མར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ལ་སྙན་སེང་ཞུས། སྙན་སེང་འབྱོར་རྗེས་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་བཀྲ་ཆེ་གེ་མོར་འཕྲད་པའི་ཆག་སྒོ་དེ་གྱོད་གཞི་གཞན་དག་འགའི་གནོད་འཚེ་ཕོག་མཁན་དང་འདྲ་པོ་ཡོད་པ་ཤེས།

    གནོད་འཚེ་ཕོག་མཁན་མང་ཆེ་བར་ཕ་ཡུལ་གཅིག་པ་ཡིན་ཟེར་མཁན་གྱིས་རང་འགུལ་ངང་འདྲི་སྨེད་བཏང་རྗེས། དམངས་སྲིད་ཀྱི་མི་སྣ་དང་། དམག་མི། སྨན་ཁང་གི་ལས་དོན་པ་སོགས་ཡིན་པས། གོང་ཁེ་བའི་སྨན་རྫས་ཉོ་ཐུབ་པ་དང་རིན་མེད་ངང་གེགས་སྐྱོབ་དངོས་ཟོག་གམ་ཡང་ན་དམག་མིའི་མཁོ་ཆས་སོགས་སྟེར་ཆོག་རུང་འགྱུར་རྟེན་དང་གཏའ་མ་སོགས་ངེས་ཅན་དགོས་པར་ཁ་གཡར་ནས་མགོ་སྐོར་གཏོང་གི་ཡོད་ཅེས་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་བརྗོད།

    ཉེན་རྟོག་ཕྱོགས་ཀྱི་དྲན་སྐུལ།     “བྱ་བ་བཟང་པོའི”རྒྱབ་ཏུ་མ་རུང་ཁོག་བཅུག་ཡོད་སྲིད།

    ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་བརྒྱུད་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས། ཉེ་དུས་ལྷ་ས་གྲོང་ཁྱེར་དང་དེ་བཞིན་ཉེ་འགྲམ་གྱི་རྫོང་དང་ཆུས་སུ་ཐོན་པའི་འདྲ་མཚུངས་ཀྱི་གྱོད་གཞི་ཚང་མ་མི་གཅིག་གིས་བཟོས་པའི་དོགས་པ་བྱེད་ཀྱི་ཡོད། དེ་རྗེས་ཀྱི་བརྟག་ཞིབ་ལས་མི་དམངས་ཉེན་རྟོག་པའི་དོགས་གཞི་ར་སྤྲོད་བྱུང་། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས“ཉེ་འགྲམ་གྱི་བསྡིགས་སོ་སྤྲོས་ཆས་ལ་ལྟ་བསྡུར་བྱས་པ་བརྒྱུད་ཉེ་དུས་ཐོན་པའི་དེ་མཚུངས་ཀྱི་གྱོད་གཞི་14ཚང་མའི་ནང་མི་གཅིག་གི་གཟུགས་བརྙན་མཐོང་རྒྱུ་ཡོད”ཅེས་བཤད།

    ཁུངས་སྣེ་དེར་གཞིགས་ཏེ། གྱོད་དོན་ཐག་གཅོད་བྱེད་མཁན་མི་དམངས་ཉེན་རྟོག་པས་འཕྲལ་མར་བྱ་སྤྱོད་སྤེལ་ནས་དོགས་ཡོད་པ་དེ་གཏན་འཁེལ་བྱས་པ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་གྱི་བོགས་གཏོང་ཁང་པ་ཞིག་ནས་དོགས་ཡོད་པ་པ་ཆེ་གེ་མོ་འཛིན་བཟུང་བྱས་པ་རེད། “འདྲི་རྩད་བྱས་པ་བརྒྱུད་པ་ཆེ་གེ་མོས་རང་ཉིད་དམངས་སྲིད་སྡེ་ཚན་གྱི་ལས་དོན་པ་དང་། སྨན་དོན་པ། དམག་མི་སོགས་ཡིན་ཁུལ་བྱས་ནས་སྨན་ཉོ་རོགས་དང་། གེགས་སྐྱོབ་དངོས་པོ་དང་དམག་སྤྱོད་དངོས་ཟོག་སྟེར་རྒྱུར་ཁ་གཡར་ནས་ཁ་བསླུས་བརྒྱབ་པའི་ཉེས་གསོག་དོན་དངོས་ངོས་ལེན་ཞུས་སོང”ཞེས་གྱོད་དོན་ཐག་གཅོད་བྱེད་མཁན་མི་དམངས་ཉེན་རྟོག་པས་བརྗོད་བྱུང་།

    “པ་ཆེ་གེ་མོ་དེ་གོང་ཤིང་བཟོ་བ་ཞིག་ཡིན་པ་དང་ཕྱིས་སུ་ལས་འཛོལ་བྱུང་ནས་ལག་གཡས་པར་རྨས་སྐྱོན་ཕོག་སྟེ་ཤུགས་ལས་བྱེད་མི་ཐུབ་ཁར་རྒྱན་པོ་འགྱེད་དེ་གསོག་དངུལ་རྣམས་ཤོར་རྐྱེན་དངུལ་ཕྲན་བུ་གསོག་ཆེད་ཁ་བསླུས་རྒྱག་འགོ་ཚུགས་ཡོད། ཁ་བསླུས་རྒྱག་རིམ་བཞིན་མང་ཉུང་སྒོར་2000ནས་4000བར་ཟིན་པ་དང་སྔ་རྗེས་སུ་གྱོད་གཞི་ཐེངས་14བརྩམས་པར་ཁྱོན་སྒོར་ཁྲི་10ལྷག་ཙམ་བྱུང་ཡོད། ཁོ་པས་གྱོད་གཞི་མ་བརྩམས་གོང་སྔོན་ལ་ཁ་བསླུས་རྒྱག་ཡུལ་གཏན་འཁེལ་བྱེད་པ་དང་དེ་ནས་རྗེས་འདེད་བཏང་ནས་གཞན་གྱི་གླེང་མོལ་ཉན་པ་དང་ཆབས་ཅིག་ཕ་རོལ་པོའི་མིང་དང་། ཕ་ཡུལ། ལས་ཀ་སོགས་ཀྱི་ཆ་འཕྲིན་ཤེས་རྟོགས་བྱས་རྗེས། གློ་བུར་དུ་དོན་ཡོང་ནས་ཕ་ཡུལ་གཅིག་པ་ཡིན་ཁུལ་ངང་གཞན་གྱི་ཡིད་ཆེས་ཐོབ་ཐབས་བྱས་ཏེ་ཁ་བསླུས་རྒྱག་གི་ཡོད”ཅེས་མི་དམངས་ཉེན་རྟོག་པས་བརྗོད་བྱུང་།

    ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས། ཁྲིམས་འཛིན་ལག་བསྟར་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པ་བརྒྱུད། ཉེས་གསོག་དེ་རིགས་ཉིན་བཞིན་ཐོན་ཉུང་དུ་འགྲོ་བཞིན་ཡོད། “ང་ཚོས་རྟག་ཏུ་རྒྱ་ཆེའི་གྲོང་མི་ཚོར་དོགས་ཟོན་ཆེར་སྐྱེད་བྱེད་དགོས་ཞེས་ཤོད་པ་དེ་དགོས་པ་ཆེན་པོ་ཡོད། གང་ལགས་ཤེ་ན། ཁ་བསླུས་རྒྱག་ཐབས་དེ་རིགས་སྔོན་ཚུད་ནས་སྔོན་འགོག་བྱེད་ཐུབ་པ་ཞིག་རེད། ཆ་རྒྱུས་མེད་པའི་མིས་འདྲི་སྨེད་གཏོང་བ་མ་ཟད་བྱ་བ་བཟང་པོ་མཉམ་སྤྱོད་བྱ་རྒྱུ་ཡོད་ཚུལ་བརྗོད་པའི་བྱེད་སྤྱོད་དེ་རིགས་ཕལ་ཆེ་བ་མ་རུང་ཁོག་བཅངས་ཤ་སྟག་རེད། གཞན་ཡང་གེགས་སྐྱོབ་དངོས་པོ་དང་དམག་མིའི་མཁོ་ཆས་ཚང་མ་ཆེད་དམིགས་སྡེ་ཚན་གྱིས་གཏན་འབེབས་ལ་ནན་ཏན་ངང་གཞིགས་ཏེ་སྒྲིག་འཛུགས་ལག་བསྟར་བྱེད་པ་ལས་མི་སྒེར་དང་སྤྱི་ཚོགས་ཀྱི་ཚན་པ་གང་རུང་ལ་སྤྲོད་མི་སྲིད་པས། གྲོང་མི་ཚོས་ངེས་པར་དུ་དོགས་ཟོན་ཆེན་པོ་བྱེད་དགོས”ཞེས་བརྗོད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།