[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • དཔའ་ཤོད་རྫོང་མི་དམངས་ཁྲིམས་ཁང་གིས་མ་དངུལ་སྒེར་སྤྱོད་ཀྱི་གྱོད་གཞི་ཞིག་ཡོངས་བསྒྲགས་ངང་ཞིབ་གཅོད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    ཉེ་ཆར། དཔའ་ཤོད་རྫོང་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་སུང་ཆེ་གེ་མོས་མ་དངུལ་སྒེར་སྤྱོད་བྱས་པའི་གྱོད་གཞི་ཞིག་ཁྲིམས་ལྟར་ཡོངས་བསྒྲགས་ངང་ཞིབ་གཅོད་བྱས་ནས་ཞུ་སྦྱོར་ཕྱི་མ་སུང་ཆེ་གེ་མོ་དུས་བཀག་བཙོན་འཇུག་ཟླ་བརྒྱད་དང་ཁྲིམས་ཆད་འགྱངས་གཅོད་ལོ་གཅིག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།

    ཞིབ་གཅོད་ཀྱི་བརྟག་དཔྱད་ལས་མངོན་པར། 2013ལོའི་ཟླ་5ཚེས་17ཉིན། ཞུ་སྦྱོར་ཕྱི་མ་སུང་ཆེ་གེ་མོས་དཔའ་ཤོད་རྫོང་ཧྲུན་ཏ་སྣུམ་སྣོན་ས་ཚིགས་དང་ངལ་རྩོལ་གན་རྒྱ་ལོ་ལྔ་བཞག་ཡོད་པ་དང་། 2013ལོའི་ཟླ8པ་ནས་བཟུང་། སུང་ཆེ་གེ་མོ་སྣུམ་སྣོན་ས་ཚིགས་ཀྱི་ཀྲན་ཀྲང་ལ་བསྐོས་ནས་སྣུམ་སྣོན་ས་ཚིགས་ཀྱི་རྒྱུན་གཏན་ལས་ཀ་དང་། རྩིས་ཁྲ། མི་སྣ་སོགས་ལ་དོ་དམ་བྱེད་པའི་འགན་འཁུར་གྱི་ཡོད། 2016ལོའི་ཟླ་7པ་ནས་2017ལོའི་ཟླ་3པ་བར། ཞུ་སྦྱོར་ཕྱི་མ་སུང་ཆེ་གེ་མོས་སྣུམ་སྣོན་ས་ཚིགས་ཀྱི་ཀྲན་ཀྲང་གི་སྟབས་བདེའི་དབང་ཆ་སྤྱད་ནས་དཔའ་ཤོད་རྫོང་ཧྲུན་ཏ་སྣུམ་སྣོན་ས་ཚིགས་ཀྱི་སྣུམ་རྒྱུའི་གྲོན་དངུལ་སྒོར་ཁྲི་46ལྷག་སྒེར་སྤྱོད་བྱས་པ་རེད།

    ཁྲིམས་ཁང་གིས་ཁྲིམས་ལྟར་ཞིབ་གཅོད་བྱས་རྗེས། ཞུ་སྦྱོར་ཕྱི་མ་སུང་ཆེ་གེ་མོས་དཔའ་ཤོད་རྫོང་ཧྲུན་ཏ་སྣུམ་སྣོན་ས་ཚིགས་ཀྱི་ཀྲན་ཀྲང་གི་སྟབས་བདེའི་གོ་གནས་སྤྱད་དེ་ཚན་པ་དེ་གའི་མ་དངུལ་འབོར་ཆེན་སྒེར་སྤྱོད་བྱས་པའི་དབང་གིས་མ་དངུལ་སྒེར་སྤྱོད་ཀྱི་ནག་ཉེས་བསགས་པ་གཏན་འཁེལ་བྱས། ཞུ་སྦྱོར་ཕྱི་མ་སུང་ཆེ་གེ་མོས་རང་འགུལ་ངང་རང་ཉིད་ཀྱི་ནག་ཉེས་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་མ་ཟད། མ་དངུལ་ཚང་མ་ཕྱིར་སྤྲོད་བྱས་ནས་འགྱོད་བཤགས་ཀྱི་རྣམ་འགྱུར་ཡག་པོ་ཡོད་པར་བརྟེན། སུང་ཆེ་གེ་མོའི་ཉེས་གསོག་དོན་དངོས་དང་། ཉེས་གསོག་གནས་ཚུལ། འགྱོད་བཤགས་རྣམ་འགྱུར། སྤྱི་ཚོགས་ལ་གནོད་འཚེ་ཕོག་ཚད་བཅས་ལ་གཞིགས་ནས་ཁྲིམས་ལྟར་གོང་གསལ་གྱི་ཆད་པ་བཅད་པ་རེད།

    གྱོད་གཞི་དེ་ཡོངས་བསྒྲགས་ངང་འདྲི་གཅོད་བྱས་པ་དེས། ཕྱོགས་གཅིག་ནས་གྱོད་གཞིར་བརྟེན་ནས་ཁྲིམས་བཤད་དེ་ཀུང་སི་དང་ཁེ་ལས་ཀྱི་ལས་བཟོར་ཁྲིམས་སྐྱོང་སློབ་གསོ་བརྒྱབ་ཡོད་ལ། ཕྱོགས་གཞན་ཞིག་ནས་རྒྱ་ཆེའི་གཞི་རིམ་ལས་བྱེད་པར་ནོར་དོན་དོ་དམ་ཚད་ལྡན་བཟོས་ནས་ནོར་དོན་དང་རྩིས་གཉེར་གྱི་ལམ་ལུགས་ལག་བསྟར་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཁེངས་སྐྱུང་ངང་ཉན་ཏེ་གོ་གནས་ལ་བརྟེན་ནས་སྒེར་དོན་བསྒྲུབ་རྒྱུ་གཏན་འགོག་གིས་སྤྱོད་གཙང་གཞུང་དྲང་གི་ལས་བྱེད་པ་ཡག་པོ་ཞིག་བྱེད་དགོས་པའི་སློབ་གསོའང་བརྒྱབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།