[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མ་བརྟག་མ་དཔྱད་དྲ་ཐོག་དངུལ་བུན་གཡར། གོ་མེད་ཚོར་མེད་ཁ་བསླུས་ཐེབས་འདིར་ལྟོས།

    ​ མི་དམངས་ཉེན་རྟོག་པས་རྒྱུན་དུ་ཐོན་པའི་ཁ་བསླུས་གྱོད་དཔེ་རིགས་བཞི་ཡོངས་བསྒྲགས་བྱས་ནས་གཡོ་ཇུས་དམར་རྗེན་དུ་བཏོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-10

    ཟླ་8ཚེས་13ཉིན། གྲོང་མི་ཞིག་གིས་ཉེས་དོན་སྙན་སེང་ཞུས་པ་སྟེ། དྲ་ཐོག་ནས་དངུལ་བུན་གཡར་སྐབས། གླ་ཆ་དང་ཁག་ཐེག་དངུལ་སྤྲོད་རྒྱུར་ཁ་གཡར་བ་ལས་སྒོར་ཁྲི་21.3ཁ་བསླུས་ཐེབས་པ།

    ཟླ་8ཚེས་20ཉིན། གྲོང་མི་ཞིག་གིས་ཉེས་དོན་སྙན་སེང་ཞུས་པ་སྟེ། དྲ་ཐོག་ནས་དངུལ་བུན་གཡར་སྐབས་སྒོར་ཁྲི་1.68ཁ་བསླུས་ཐེབས་པ།

    ཆ་རྒྱུས་མེད་པའི་མིའི་ཁ་པར་འབྱོར་བ་དང་། ཆ་རྒྱུས་མེད་པའི་མིས་དངུལ་བུན་གཡར་རྒྱུ་འོས་སྦྱོར་བྱེད་པ། དྲ་ཐོག་ནས་དངུལ་བུན་གཡར་རྒྱུའི་སྐོར་གྱི་བརྡ་ཆ་འཚོལ་ཞིབ་བྱས་ཏེ་དངུལ་བུན་གཡར་བ་དང་ཡིད་རྟོན་གཱ་ཡི་འགྲོ་ལུགས་གཉེར་བ་ལ་སོགས། ཕ་རོལ་པོས་རྒྱུ་རྐྱེན་སྣ་ཚོགས་ལ་ཁ་གཡར་ནས་གནོད་འཚེ་ཕོག་མཁན་ལ“འགྲོ་ལུགས་གཉེར་དངུལ”དང་། “བཀག་རྒྱ་གློད་དངུལ” “ཁག་ཐེག་དངུལ” “ཐུམ་སྒྲིལ་དངུལ”བཅས་སྤྲོད་དུ་འཇུག་པའམ་ཡང་ན་རྩིས་ཐོ་སྐུལ་སློང་བྱེད་པ་དང་ཉོ་ཚོང་བསྡོམས་འབོར་མི་འདང་བ་སོགས་ལ་ཁ་གཡར་ཏེ་སྤྱོད་མཁན་ལ་རྩིས་ཐོ་སྒྱུར་དུ་འཇུག་པ་དེ་དག་ཚང་མ་ནི་ཁྲིམས་འགལ་བས་སྤྱོད་མཁན་ལ་དྲ་ཐོག་ནས་དངུལ་བུན་ལེན་པ་དང་ཡིད་རྟོན་གཱ་ཡི་འགྲོ་ལུགས་གཉེར་དུ་བཅུག་ནས་ཁ་བསླུས་རྒྱག་པའི“ངན་ཇུས”དང“གཡོ་ཐབས”ཤ་སྟག་རེད།

    རིགས་དང་པོ།

    དངུལ་བུན་གཡར་བའི་ཁ་པར་རྫུས་མ་འབྱོར་ནས་འགྲོ་ལུཌ་གཉེར་དངུལ་དང་། ཁག་ཐེག་དངུལ། བཀག་རྒྱ་གློད་དངུལ་བཅས་སྤྲོད་དུ་བཅུག་པ།

    ཟླ་4ཚེས་2ཉིན། ལྷ་ས་གྲོང་ཁྱེར་གྱི་ཀྲང་ཆེ་གེ་མོར་ཆ་རྒྱུས་མེད་པའི་མི་ཞིག་གི་ཁ་པར་འབྱོར་བ་སྟེ། ཕ་རོལ་པོས་རང་ཉིད་བུན་གཡར་ཀུང་སིའི་མི་ཡིན་ཁུལ་བྱས་ཏེ། ཀྲང་ཆེ་གེ་མོར་དངུལ་བུན་གཡར་རྒྱུ་འོས་སྦྱོར་བྱས་པ་མ་ཟད། ཡིད་རྟོན་གཱ་གཉེར་བར་འགྲོ་ལུགས་གཉེར་དངུལ་དང་། ཁག་ཐེག་དངུལ། བཀག་རྒྱ་གློད་དངུལ་བཅས་ཀྱང་སྤྲོད་དགོས་པར་ཁ་གཡར་ཏེ་སྒོར་22496ཁ་བསླུས་བརྒྱབ་ཡོད་པ་རེད།

    ཟླ་4ཚེས་17ཉིན། ལྷོ་ཁའི་མཚོ་ཆེ་གེ་མོར་ཆ་རྒྱུས་མེད་པའི་མི་ཞིག་གི་ཁ་པར་འབྱོར་བ་སྟེ། ཕ་རོལ་པོས་དངུལ་བུན་གཡར་དགོས་མིན་དྲིས་རྗེས་མཚོ་ཆེ་གེ་མོའི་QQཨང་གྲངས་བསྣན་པ་མ་ཟད། དངུལ་བུན་གཡར་སྐབས་ཐུམ་སྒྲིལ་དངུལ་དང་ཁག་ཐེག་དངུལ་སྤྲོད་དགོས་པར་ཁ་གཡར་ཏེ་སྒོར་13813ཁ་བསླུས་བརྒྱབ་ཡོད་པ་རེད།

    ཟླ་4ཚེས་3ཉིན། ཆབ་མདོའི་བཀྲ་ཆེ་གེ་མོར་ཆ་རྒྱུས་མེད་པའི་མི་ཞིག་གི་ཁ་པར་འབྱོར་བ་སྟེ། ཕ་རོལ་པོས“དངུལ་བུན་གཡར་སྐབས་གཏའ་མ་འཇོག་མི་དགོས་པར་དངུལ་འཕྲལ་མར་རྩིས་ཐོར་སྒྱུར་གྱི་རེད”ཅེས་བཤད་ཅིང་། དངུལ་བུན་གཡར་རྒྱུའི་འགྲོ་ལུགས་གཉེར་སྐབས་ཕ་རོལ་པོས་བཀྲ་ཆེ་གེ་མོར་འགྲོ་ལུགས་གཉེར་དངུལ་སྒོར་2250སྤྲོད་དགོས་པ་དང་དངུལ་སྤྲད་རྗེས་ཀྱི་སྐར་མ་5ཡི་ནང་ཚུན་དུ་དངུལ་བུན་རྩིས་ཐོར་སྒྱུར་གྱི་རེད་ཅེས་བཤད། འོན་ཀྱང་སྐར་མ་5སོང་རུང་བཀྲ་ཆེ་གེ་མོར་སྔར་བཞིན་དངུལ་འབྱོར་མེད། དེས་ན་བཀྲ་ཆེ་གེ་མོས་ཕ་རོལ་པོ་དང་འབྲེལ་གཏུག་བྱས་མཐར། ཕ་རོལ་པོས་གནོད་འཚེ་ཕོག་མཁན་རང་ཉིད་ཀྱིས་ཆ་འཕྲིན་ཁ་སྐོང་སྐབས་ནོར་འཁྲུལ་ཤོར་བས་ད་ཆ་བུན་གཏོང་ལས་སྟེགས་ཀྱིས་གནོད་འཚེ་ཕོག་མཁན་གྱི་རྩིས་ཐོ་བསྡམས་བཅད་བྱས་འདུག གལ་ཏེ་བཀག་རྒྱ་གློད་དགོས་ཚེ་བཀག་རྒྱ་གློད་དངུལ་སྒོར་9000སྤྲོད་དགོས་ཞེས་བཤད། གལ་ཏེ་སྒོར་9000སྤྲད་རྗེས་དངུལ་བུན་སྔར་བཞིན་རྩིས་ཐོའི་ནང་འབྱོར་མེད་ན་གྱོང་གུན་ཁ་གསབ་དེའི་ལྡབ་གཉིས་སྤྲོད་རྒྱུ་ཡིན་ལུགས་བཤད། དེ་རྗེས་གནོད་འཚེ་ཕོག་མཁན་གྱིས་ཕ་རོལ་པོས་མཁོ་འདོན་བྱས་པའི་རྩ་གཉིས་ཨང་རྟགས་བཤེར་ནས་ཕ་རོལ་པོར་སྒོར་9000སྤྲད། དེའི་ཉིན་གཉིས་པར་དངུལ་བུན་སྔར་བཞིན་རྩིས་ཐོར་སྒྱུར་མེད་རྐྱེན། གནོད་འཚེ་ཕོག་མཁན་གྱིས་ཡང་བསྐྱར་ཕ་རོལ་པོར་ཁ་པར་ནས་འབྲེལ་གཏུག་བྱས་པ་བརྒྱུད། ཕ་རོལ་པོས་གནོད་འཚེ་ཕོག་མཁན་གྱིས་ད་དུང་ཁག་ཐེག་དངུལ་སྒོར་12000སྤྲད་ན་དངུལ་བུན་རྩིས་ཐོར་སྒྱུར་ལུགས་བཤད། ད་གཟོད་གནོད་འཚེ་ཕོག་མཁན་གྱིས་གཞི་ནས་རང་ཉིད་མགོ་སྐོར་ཐེབས་པ་ཤེས་ནས་སྤྱི་བདེ་ལས་ཁུངས་ལ་ཉེས་དོན་སྙན་སེང་ཞུས་པ་རེད།

    རིགས་གཉིས་པ།

    QQགྲོགས་པོར་བརྫུས་ཏེ་དངུལ་བུན་གཡར་ཁུལ་བྱས་ནས་གྲོན་དངུལ་བླངས་རྗེས་མིང་གཞུང་ནག་པོའི་ནང་བླུཌ་པ།

    ཟླ་4ཚེས་29ཉིན་གྱི་ཆུ་ཚོད་13ཡོལ་ཙམ་ལ། ལྷ་སའི་ཀྲའོ་ཆེ་གེ་མོར་QQཡི་ཆ་འཕྲིན་ཞིག་འབྱོར་ཞིང་། ཕ་རོལ་པོས་རང་ཉིད་ནི་ཚོང་ལས་དངུལ་བུན་གཡར་མཁན་ཡིན་ཞེས་བཤད། དེས་བཤད་པ་ལྟར་ཚོང་ལས་དངུལ་བུན་གྱི་APPཕབ་ལེན་བྱས་རྗེས། ཕ་རོལ་པོས་ཐུམ་སྒྲིལ་དངུལ་སྤྲོད་དགོས་པ་སོགས་ལ་ཁ་གཡར་ཏེ་སྒོར་71600ཁ་བསླུས་བརྒྱབ་ཡོད་པ་རེད།

    ཟླ་4ཚེས་6ཉིན། ཆབ་མདོའི་གནོད་འཚེ་ཕོག་མཁན་དབང་ཆེ་གེ་མོར་ཆ་རྒྱུས་མེད་པའི་མི་ཞིག་གི་སྐད་འཕྲིན་འབྱོར་ཞིང་། ཕ་རོལ་པོས་རང་ཉིད་ནི“བུན་གཡར་ཀུང་སིའི་ཞབས་ཞུ་བ་ཡིན”ཞེས་བཤད། གནོད་འཚེ་ཕོག་མཁན་གྱིས་ཕ་རོལ་པོས་བཤད་པ་གཞིར་བཟུང་བུན་ལེན་མཉེན་ཆས་བཀོལ་སྤྱོད་བྱས་རྗེས། ཕ་རོལ་པོས་གནོད་འཚེ་ཕོག་མཁན་ལ་བུན་ལེན་རེ་ཞུ་གཞིར་བཟུང་དངུལ་བུན་རྩིས་ཐོར་བསྒྱུར་ཟིན། ངས་མཁོ་འདོན་བྱས་པའི་རྩིས་ཐོར་སྒོར་4000བསྐུར་ནས་ཐོ་ཁོངས་སྐུལ་སློང་བེད་སྤྱོད་གཏོང་རྒྱུ་ཡོད་ལུགས་བཤད། སྐབས་དེར་གནོད་འཚེ་ཕོག་མཁན་གྱི་དངུལ་མེད་པར་ཁ་གཡར་ཏེ་ཕ་རོལ་པོར་སྒོར་1000ལས་བསྐུར་མེད། དངུལ་བསྐུར་རྗེས་ཕ་རོལ་པོས་ཉིན་གཉིས་པའི་ཐོ་རེངས་ཀྱི་ཆུ་ཚོད་བཅུ་གཉིས་ལ་རྩིས་ཐོར་སྒྱུར་རྒྱུ་ཡིན་ཞེས་བཤད། ཉིན་གཉིས་པའི་ཞོགས་པར་གནོད་འཚེ་ཕོག་མཁན་གྱིས་དངུལ་བུན་འབྱོར་མེད་པ་ཤེས་རྗེས། ཕ་རོལ་པོར་འབྲེལ་གཏུག་བྱེད་རྩིས་བྱས་ཀྱང་། ཕ་རོལ་པོས་སྔ་ས་ནས་གནོད་འཚེ་ཕོག་མཁན་མིང་གཞུང་ནག་པོའི་ནང་བླུགས་ཟིན། སྐབས་དེར་གནོད་འཚེ་ཕོག་མཁན་གྱིས་རང་ཉིད་མགོ་སྐོར་འོག་ཏུ་ཚུད་པ་ཤེས་རྗེས་སྤྱི་བདེ་ལས་ཁུངས་ལ་ཉེས་དོན་སྙན་སེང་ཞུས་པ་རེད།

    རིགས་གསུམ་པ། ལས་དོན་པར་བརྫུས་ནས་ཁ་བསླུས་བརྒྱབ་པ།

    ཟླ་4ཚེས་15ཉིན། ལྷ་སའི་ཟླ་ཆེ་གེ་མོར་དངུལ་ཁང་གི་ལས་མིར་བརྫུས་པའི་མི་ཞིག་གི་ཁ་པར་འབྱོར་ནས། ཕ་རོལ་པོས་དངུལ་བུན་གཡར་བར་ར་སྤྲོད་ཨང་གྲངས་དང་གཏན་འཁེལ་བྱས་པའི་དངུལ་ཁང་ལ་རྩིས་ཐོ་བསྒྱུར་ནས་དངུལ་ཁང་གི་ཉོ་ཚོང་བརྒྱུད་རིམ་བཏོན་དགོས་པར་ཁ་གཡར་ཏེ། གནོད་འཚེ་ཕོག་མཁན་གྱི་སྒོར་11000ཁ་བསླུས་བརྒྱབ་པ་རེད།

    ཟླ་4ཚེས་8ཉིན། ཆབ་མདོའི་མིག་ཆེ་གེ་མོར་ཆ་རྒྱུས་མེད་པའི་ཁ་པར་ཞིག་འབྱོར་ནས། ཕར་ཕྱོགས་ཀྱིས་མིག་ཆེ་གེ་མོར་དངུལ་བུན་གཡར་དགོས་མིན་དྲིས་པ་དང་། གལ་སྲིད་གཡར་དགོས་ཚེ། གཱ་ནང་དུ་དངུལ་ལྷག་མ་སྒོར་ཁྲི་1བཅོལ་དགོས་ཞེས་བཤད་རྗེས་ར་སྤྲོད་ཨང་གྲངས་མགོ་སྐོར་བཏང་ནས་སྒོར་ཁྲི་1དེ་རྩིས་ཐོ་བསྒྱུར། དེ་རྗེས་འགྲོ་ལུགས་གཉེར་དངུལ་སོགས་ལ་ཁ་གཡར་ནས་གནོད་འཚེ་ཕོག་མཁན་གྱི་སྒོར་22000ཁ་བསླུས་བརྒྱབ་ཡོད་པ་རེད།

    ཟླ་4ཚེས་8ཉིན། ལྷ་སའི་བློ་ཆེ་གེ་མོར་ཆ་རྒྱུས་མེད་པའི་འཕྲིན་ཐུང་ཞིག་འབྱོར་ནས། ཁོ་པས་འགྱུར་མེད་དངུལ་འབོར་གྱི་དངུལ་བུན་གཡར་བའི་རེ་ཞུ་བྱས་ན་ཆོག་པ་བཤད་པ་དང་། རྗེས་སུ་ཁ་པར་ནས་ཕ་རོལ་པོ་དང་འབྲེལ་བ་བྱེད་སྐབས། ཕ་རོལ་པོས་ཉོ་ཚོང་འབོར་གྲངས་མི་འདང་བར་ཁ་གཡར་ཏེ། ར་སྤྲོད་ཨང་གྲངས་སྤྲོད་དགོས་པའི་རེ་བ་ཐེངས་མང་བཏོན། རྗེས་སུ་གནོད་འཚེ་ཕོག་མཁན་གྱིས་སྒོར་18000ཁ་བསླུས་ཤོར་བ་ཤེས།

    རིགས་བཞི་པ། དྲ་ཐོག་ནས་བུན་གཡར་བརྡ་ཆ་འཚོལ་བཤེར་བྱས་ནས་ཕ་རོལ་པོར་འབྲེལ་བ་བྱས་རྗེས་མགོ་སྐོར་ཐེབས་པ།

    ཟླ་4ཚེས་17ཉིན། ཆབ་མདོའི་ཝང་ཆེ་གེ་མོས་དྲ་ཐོག་ནས་བུན་གཡར་ཆ་འཕྲིན་ཞིག་མཐོང་བ་དང་། དེ་རྗེས་འབོར་ཉུང་བུན་གཡར་འགན་འཁྲི་ཀུང་སིའི་ལས་མིའི་སྐད་འཕྲིན་གྲོགས་པོར་བསྣན། ཕ་རོལ་པོས་བུན་གཡར་འགྲོ་ལུགས་གཉེར་བའི་འཁོར་རྒྱུག་མ་དངུལ་སོགས་ལ་ཁ་གཡར་ནས། ཝང་ཆེ་གེ་མོའི་སྒོར་14995ཁ་བསླུས་བརྒྱབ་ཡོད་པ་རེད།

    ཟླ་4ཚེས་1ཉིན། ལྷ་སའི་བསྟན་ཆེ་གེ་མོས་པའེ་ཏུའུ་ནས་བུན་གཡར་ཆ་འཕྲིན་འཚོལ་བཤེར་བྱས་རྗེས་ཕ་རོལ་པོ་དང་སྐད་འཕྲིན་གྲོགས་པོ་སྒྲིག་པ་དང་སྦྲགས། དངུལ་བུན་སྒོར་ཁྲི་15གཡར་རྩིས་བྱས། དེ་རྗེས་ཕ་རོལ་པོས་ཁ་གཡར་ནས་གནོད་འཚེ་ཕོག་མཁན་གྱིས་གཏན་འཁེལ་བྱས་པའི་དངུལ་ཁང་གཱ་ནང་དངུལ་བསྒྱུར་དགོས་པའི་མགོ་སྐོར་ཐེངས་གསུམ་བཏང་ནས་བསྡོམས་སྒོར་38931ཁ་བསླུས་བརྒྱབ་ཡོད་པ་རེད།

    ཟླ་4ཚེས་29ཉིན། ལི་ཆེ་གེ་མོས་ཁ་པར་གྱི་མཉེན་ཆས་ཐོག་ནས་བུན་གཡར་བརྡ་ཆ་ཞིག་མཐོང་བ་དེ་མནན་ནས། དངུལ་བུན་སྒོར་ཁྲི་5གཡར་རྒྱུའི་རེ་ཞུ་བྱས་པ་དང་སྦྲགས། རང་ཉིད་ཀྱི་ཁ་པར་ཨང་གྲངས་དེའི་ནང་བླུགས་པར་ཉིན་དེ་རང་ལ་བུན་གཡར་ཀུང་སི་ཞིག་གི་ཁ་པར་འབྱོར་བ་མ་ཟད། ལི་ཆེ་གེ་མོར་སྐད་འཕྲིན་གྲོགས་པོ་སྒྲིག་ནས་བུན་གཡར་དོན་དག་སྐད་ཆ་བྱེད་ཆོག་པར་བཤད། དེ་རྗེས་ཕ་རོལ་པོས་སྐད་འཕྲིན་ནས་བུན་གཡར་གན་རྒྱ་བསྐུར་ཡོང་བ་དང་འབྲེལ། ཕར་ཕྱོགས་ཀྱི་གཱ་ནང་དུ་སྒོར་15000རྩིས་ཁྲ་བསྒྱུར་དགོས་པའི་རེ་བ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།