[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • ཝང་ཡུང་གིས་ནང་སོག་དང་ཧེ་ལུང་ཅང་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    ཉེ་ཆར། རྒྱལ་དོན་ཨུ་ཡོན་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཝང་ཡུང་གིས་ནང་སོག་དང་ཧེ་ལུང་ཅང་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཉེན་ཁ་ཆེ་རིགས་འགོག་སེལ་དང་རང་བྱུང་གནོད་འཚེའི་འགོག་བཅོས་ནུས་པ་ཆེ་རུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། སྔོན་འགོག་གཙོ་བཟུང་དང་མེ་ཟོན་མེ་གསོད་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། ཉེན་ཁ་སྔོན་འགོག ལམ་སྲོལ་འཛུགས་པ། ཞན་ཆ་གསབ་པ་བཅས་ནུས་ལྡན་བྱེད་པ་དང་། སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དང་བྱ་ཐབས་དོན་འཁྱོལ་ཏན་ཏིག་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཡུང་གིས་ས་ཁུལ་ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། འགན་ཤོར་འགན་འཁྲི་རྩད་གཅོད”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ་འགན་འཁྲི་རིམ་པ་བཞིན་ལས་གནས་དང་མི་ཐོག་ཏུ་འཁྱོལ་བར་བྱས་ཏེ་ལས་དོན་གྱི་བཀོད་སྒྲིག་ཁག་གི་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། གཙོ་གནད་དུས་མཚམས་དང་གཙོ་གནད་ས་ཁོངས་མངོན་གསལ་དོད་པོ་དུ་བཏང་ནས་འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ། དཔུང་ཁག་གི་སྒྲིག་ཆས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། མེ་ཟོན་དྲིལ་བསྒྲགས་སློབ་གསོ་དང་རྒྱུན་གཏན་གྱི་སྐོར་གཡེང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཆ་འཕྲིན་མཉམ་སྤྱོད་དང་། མཉམ་དུ་གྲོས་བསྡུར། ཞིབ་འཇུག་བརྡར་གཅོད་ཀྱི་ལས་དོན་ཡག་པོ་སྒྲུབ་པ། མེ་སྐྱོན་ཉེན་བརྡ་སྔ་ཙམ་གཏོང་བ་དང་སྔ་ཙམ་ཤེས་རྟོགས་ཐུབ་པ་བྱས་ཏེ་མེ་ཟོན་མེ་གསོད་དང་ཉེན་གཡོལ་གྱི་བྱ་ཐབས་འཕྲལ་དུ་སྤྱོད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།