[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • ཧུའུ་པེ་ཡིས་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི་བཟོ་མཁན་མི་37གྱི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    ནག་སེལ་གཤེད་བཅོམ་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། ཉེ་ཆར། ཧུའུ་པེ་ཁྲིམས་ཁང་གིས་ཏོན་ཆེ་གེ་མོ་སོགས་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི་བཟོ་མཁན་མི་21དང་ཝང་ཆེ་གེ་མོ་སོགས་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི་བཟོ་མཁན་མི་16ལ་ཉིན་གཅིག་ལ་འདྲི་གཅོད་དང་པོའི་བཅད་ཁྲ་ཡོངས་བསྒྲགས་ངང་ཁྱབ་བསྒྲགས་བྱས་པ་རེད།

    ཚེས་11ཉིན་གསར་འགོད་པར་ཧུའུ་པེ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བར། ནག་ཚོགས་ཀྱི་ངོ་བོ་ལྡན་པའི་ཉེས་གསོག་གཏེ་པོ་གཉིས་ལ་སོ་སོར་དུས་བཀག་བཙོན་འཇུག་ལོ་22དང་20བྱེད་རྒྱུའི་ཁྲིམས་ཐག་བཅད་པ་རེད།

    ཁྲིམས་ཁང་གིས་འདྲི་ཞིབ་བྱས་པ་བརྒྱུད། ཏོན་ཆེ་གེ་མོས་གཙོས་པའི་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་ཚོགས་པས་གཏུམ་སྤྱོད་དང་། འཇིགས་སྐུལ། ཡང་ན་དེ་མིན་གྱི་བྱ་ཐབས་གཞན་ལ་བརྟེན་ནས་ཧུའུ་པེའི་ཧན་ཁྲོན་གྲོང་ཁུལ་དང་ཉེ་འཁོར་དུ་ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྤྱོད་ཐེངས་15སྤེལ་བ་དེ་རྣམས་རྐང་བཙུགས་ནས་རྨས་སྐྱོན་བཏང་བ་དང་། བསྙད་བརྐོ་ཟིང་བསླངས་པ། བཙན་ཤེད་ཉོ་ཚོང་། བསྙད་འདོགས་རྒྱུ་ལེན། ཁྲིམས་དང་མི་མཐུན་པའི་བཙན་ཉར་སོགས་ཀྱི་ཉེས་པ་མང་པོ་བསགས་པ་དང་འབྲེལ་བ་ཡོད་པ་དང་དེའི་ནང་མཚོན་ཆ་ཁྱེར་ནས་ཉེས་གསོག་གྱོད་གཞི་5ཡན་བཟོས་པ་ལས་མི་མང་པོར་རྨས་སྐྱོན་ཕོག་ཡོད་ལ། ཧན་ཁྲོན་ས་ཁུལ་དང་ཉེ་འཁོར་གྱི་དཔལ་འབྱོར་དང་། སྤྱི་ཚོགས། འཚོ་བའི་སྒྲིག་ལམ་བཅས་ལ་གཏོར་གཤིག་ཚབས་ཆེན་ཕོག་ཡོད།

    ཝང་ཆེ་གེ་མོས་གཙོས་པའི་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་ཚོགས་པས་དུས་ཡུན་རིང་པོའི་ནང་མི་བསྡུས་ནས་རྒྱན་པོ་འགྱེད་པ་དང་སྐྱེད་ལྕིའི་བུ་ལོན་གཏོང་བ་སོགས་ཁྲིམས་དང་མ་མཐུན་པའི་བྱ་ཐབས་དང་ལས་གྲྭ་གསར་སྤེལ་སོགས་ཀྱི་ཐབས་ལམ་བརྒྱུད། དཔལ་འབྱོར་གྱི་ཁེ་ཕན་ཧམ་གཉེར་བྱས་ནས་ཚོགས་པའི་བྱེད་སྤྱོད་ལ་རྒྱབ་སྐྱོར་བྱས་ཤིང་། སྔ་རྗེས་སུ་ཁྲིམས་དང་མི་མཐུན་པའི་ཉེས་གསོག་གྱོད་གཞི་40ལྷག་ཙམ་སྒྲིག་འཛུགས་བྱས་ནས་བཟོས་ཡོད། གཏུམ་སྤྱོད་རང་བཞིན་ཆེ་བ་དང་ནག་ཉེས་གསོག་ཐབས་འདྲ་མིན་སྣ་ཚོགས་པ་སྟེ། བསྙད་བརྐོ་ཟིང་སློང་དང་། ཁྲིམས་དང་མི་མཐུན་པའི་བཀག་ཉར། བཙན་ཤེད་ཉོ་ཚོང་། མི་མང་བསྡུས་ནས་འཛིང་བ། ཁྲིམས་དང་མི་མཐུན་པའི་ས་ཞིང་བཟུང་སྤྱོད་སོགས་ཀྱི་ཉེས་པ་དང་འབྲེལ་བ་ཡོད། དེས་ས་གནས་དེ་གའི་མང་ཚོགས་ཀྱི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཁར། ཁྱབ་ཁོངས་ངེས་ཅན་ཞིག་དང་ལས་རིགས་ནང་ཁུལ་དུ་ཁྲིམས་དང་མ་མཐུན་པའི་ཚོད་འཛིན་དང་ཤུགས་རྐྱེན་ངན་པ་ཐེབས་ཡོད།

    ཞུ་སྦྱོར་ཕྱི་མའི་ཉེས་གསོག་གི་དོན་དངོས་དང་། ངོ་བོ། ཚབས་ཆེ་ཆུང་། སྤྱི་ཚོགས་ལ་གནོད་འཚེ་ཕོག་ཚད། དེ་བཞིན་ནག་ཉེས་ངོས་ལེན་དང་ཆད་པ་ཁུར་ན་ཉེས་པ་ཡང་དུ་གཏོང་བ་དང་ཡང་ལྕི་གསབ་རེས་ཀྱི་ཉེས་དོན་བཅའ་ཁྲིམས་ཀྱི་སྲིད་ཇུས་གཞིར་བཟུང་། ཧན་ཁྲོན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ཁྲིམས་བཞིན་ཞུ་སྦྱོར་ཕྱི་མ་ཏོན་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་22བྱེད་རྒྱུ་དང་། ཆབ་སྲིད་ཀྱི་དབང་ཆ་ལོ་3འཕྲོག་རྒྱུ་དང་སྦྲགས། མི་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་རྒྱུ་བཅས་ཀྱི་ཁྲིམས་ཐག་བཅད་ཡོད། དེ་བྱིངས་ཀྱི་ཞུ་སྦྱོར་ཕྱི་མ་20སོ་སོར་དུས་བཀག་བཙོན་འཇུག་ཟླ་6ནས་ལོ་10བར་བྱེད་རྒྱུ་དང་སྦྲགས། དངུལ་ཆད་ཀྱང་གཅོད་རྒྱུའི་ཁྲིམས་ཐག་བཅད་ཡོད། གཞན་ཡང་ཞུ་སྦྱོར་ཕྱི་མ་ཝང་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་20བྱེད་རྒྱུ་དང་། ཆབ་སྲིད་ཀྱི་དབང་ཆ་ལོ་3འཕྲོག་རྒྱུ་དང་སྦྲགས། མི་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་རྒྱུའི་ཁྲིམས་ཐག་བཅད་ཡོད། དེ་མིན་གྱི་ཞུ་སྦྱོར་ཕྱི་མ་15སོ་སོར་དུས་བཀག་བཙོན་འཇུག་ཟླ་10ནས་ལོ་11དང་ཟླ་3བར་བྱེད་རྒྱུའི་ཁྲིམས་ཐག་བཅད་པ་དང་སྦྲགས་དངུལ་ཆད་ཀྱང་གཅོད་རྒྱུའི་ཁྲིམས་ཐག་བཅད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།