[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ན་ནིང་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་དུག་རྫས་དང་འབྲེལ་བ་ཡོད་པའི་ཉེས་དོན་གྱོད་གཞི་ཁག་49རྩད་ཆོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    ཉེ་ཆར། རང་སྐྱོང་ལྗོངས་དུག་འགོག་ཨུ་ལྷན་གྱི་དཔྱད་དཔོག་ཐོག་མའི་ཞིབ་བཤེར་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་དུ་བསྐྱོད་ནས་རྒྱལ་ཡོངས་ཀྱི་དུག་འགོག་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་ལ་དཔྱད་དཔོག་གི་ཐོག་མའི་ཞིབ་བཤེར་བྱས་པ་རེད། ཐོག་མའི་ཞིབ་བཤེར་ཚོགས་ཆུང་གིས་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་དུག་འགོག་སློབ་གསོའི་རྟེན་གཞི་དང་། རྒྱལ་ཡོངས་ཀྱི་དུག་འགོག་དཔེ་སྟོན་སློབ་གྲྭ་ཡིན་པའི་ལྷ་ས་གྲོང་ཁྱེར་སློབ་འབྲིང་བཞི་པ། དུག་འགོག་སྡེ་ཁུལ་སོགས་སུ་སྔ་རྗེས་སུ་བརྟག་ཞིབ་བྱས་པ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་དུག་འགོག་དཔེ་སྟོན་གྲོང་ཁྱེར་གཏོད་པར་དཔྱད་དཔོག་གི་ཐོག་མའི་ཞིབ་བཤེར་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད།

    sunqq9626.jpg

    འདི་ནི་དྲིལ་བསྒྲགས་བྱ་ཡུལ་ཡིན་པ།

    2018ལོའི་ཟླ་དང་པོར། ལྷ་ས་གྲོང་ཁྱེར་རྒྱལ་ཡོངས་ཀྱི་དུག་འགོག་དཔེ་སྟོན་གྲོང་ཁྱེར་གཏོད་པའི་མིང་ཐོའི་ནང་ཚུད་ཅིང་། མིག་སྔའི་བར། རྒྱལ་ཁབ་དུག་འགོག་ཨུ་ལྷན་གྱི་དཔྱད་བསྡུར་རྣམ་གྲངས་ཆེན་པོ་9དང་ཆུང་ངུ་44ཡི་དཔྱད་ཞིབ་ལས་འགན་ཚང་མ་ལེགས་སྒྲུབ་ཟིན་པ་རེད། རྒྱལ་ཁབ་དུག་འགོག་ཨུ་ལྷན་གྱི“གྲོང་གཏོད”ལས་དོན་བླང་བྱ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱིས“དུག་འགོག་གྲོང་གཏོད”ལས་དོན་སྤེལ་རིང་། “མི་ཐོན་པ་ལྔ”དང“མཐོར་གཏོང་བཞི་དང་དམའ་གཏོང་བཞི”ལེགས་པར་བསྒྲུབས་པ་སྟེ། དུག་རྫས་བཟོ་བའི་གྱོད་གཞིའམ་ཡང་ན་དུག་རྫས་ཀྱི་དངོས་རྫས་བཟོ་བའི་གྱོད་གཞི་མི་ཐོན་པ་དང་། ཁྲིམས་འགལ་ངང་དུག་རྫས་བཟོ་བྱེད་ཀྱི་སྐྱེ་དངོས་གཞི་ཁྱོན་ཆེན་པོས་འདེབས་པའི་གྱོད་གཞི་མི་ཐོན་པ། དུག་འཐེན་མི་སྣས་བྱུར་ཉེས་བཟོ་བ་དང་ཆག་སྒོ་སློང་བའི་ཤུགས་རྐྱེན་ངན་པའི་དོན་རྐྱེན་མི་ཐོན་པ། དོ་དམ་དང་ཚོད་འཛིན་བྱེད་ཐབས་བྲལ་བའི་དུག་འཐེན་མཁན་གྱིས་བཟོས་པའི་ཁྲིམས་འགལ་ཉེས་གསོག་གི་གྱོད་གཞི་ཆེ་གྲས་མི་ཐོན་པ། སློབ་གྲྭ་འབྲིང་ཆུང་གི་སློབ་མས་དུག་འཐེན་པའི་གྱོད་གཞི་མི་ཐོན་པ་བཅས་རེད།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་དུག་རྫས་ལྐོག་ཚོང་རྒྱག་མཁན་གྱིས་དུག་རྫས་ཤོག་ཆག་ལྐོག་ཚོང་རྒྱག་པ་གཙོར་བྱེད་ལ། ལྷ་ས་ནི་དུག་རྫས་མཆེད་ཁུལ་མིན་པས་ཚུར་འཕྲོག་པའི་དུག་རྫས་ཀྱི་གྲངས་འབོར་ནང་ས་ལས་ཉུང་བ་ཡོད།

    “དུག་འགོག་གྲོང་གཏོད”ཀྱི་ལས་དོན་སྤེལ་ཚུན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་གནས་དེ་གའི་དུག་རྫས་དང་འབྲེལ་བ་ཡོད་པའི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་ནས་ས་གནས་དེ་གའི་དུག་རྫས་དང་འབྲེལ་བ་ཡོད་པའི་ཉེས་དོན་གྱོད་གཞི་ཁག་49རྩད་བཅད་པ་དང་། དུག་རྫས་དང་འབྲེལ་བ་ཡོད་པའི་མི་84བཟུང་སྟེ་རིམ་རྩིས་བྱས་ན་དུག་རྫས་སྤྱི་རྒྱ་7ཙམ་ཚུར་འཕྲོག་པ་དང་། དུག་རྫས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་གྱོད་གཞི་ཁག་181བདག་སྤྲོད་བྱས་པ། དུག་འཐེན་མཁན་306ལ་ཞིབ་བཤེར་ཐག་གཅོད་བྱས་ཡོད་པ་རེད། ནང་སའི་ཉེན་རྟོག་ཕྱོགས་དང་མཉམ་ལས་བྱས་ནས་དུག་རྫས་ཀྱི་གྱོད་གཞི་ཁག་6རྩད་བཅད་དེ་རིམ་རྩིས་ལྟར་ན་དུག་རྫས་སྤྱི་རྒྱ་3ཙམ་ཚུར་འཕྲོག་ཅིང་། མིག་སྔའི་བར་ལྷ་ས་གྲོང་ཁྱེར་གྱིས་དུག་རྫས་བཟོ་སླ་བའི་རྫས་འགྱུར་ཐོན་རྫས་ཀྱི་ཁེ་ལས་བྱ་གཞག་ཚན་པ་ཁྱོན་82ཐོ་འགོད་བྱས་པ་དང་། དུག་རྫས་བཟོ་སླ་བའི་རྫས་འགྱུར་ཐོན་རྫས་སྤྱི་རྒྱ་420མེད་པར་བཟོས་ཏེ་དུག་རྫས་བཟོ་སླ་བའི་རྫས་འགྱུར་ཐོན་རྫས་ཁྲིམས་འགལ་ངང་སྤྱོད་རིགས་བཀག་འགོག་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་ཐང་ཆེན་ཆེ་གྲས་ཁག་དང་། ཞིབ་བཤེར་ས་ཚིགས། ཉེན་རྟོག་ལས་དོན་ས་ཚིགས། ཚོང་ར་དང་རོལ་རྩེད་བྱ་ཡུལ་བཅས་ཀྱི་LEDབརྙན་ཤེལ་ཆེན་པོའི་ཐོག ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་དུག་འགོག་དཔེ་སྟོན་གྲོང་ཁྱེར་གཏོད་པའི་དྲིལ་བསྒྲགས་བརྙན་ཐུང་དང་། ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་དུག་འགོག་དཔེ་སྟོན་གྲོང་ཁྱེར་གཏོད་པའི་དྲིལ་བསྒྲགས་སྦྱར་ཡིག་རྒྱུན་ཆད་མེད་པར་བསྟན་པར་སྤྱི་ཚོགས་སུ་ཕན་འབྲས་ཡག་པོ་ཐོབ་སྟེ“གྲོང་གཏོད”ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ཀྱང་ད་ཐེངས་ཀྱི་དཔྱད་དཔོག་རྩིས་ལེན་ལས་དོན་གོ་སྐབས་དང་སྒུལ་ཤུགས་གསར་པར་བརྩིས་ཏེ་ལྷ་སའི“དུག་འགོག་གྲོང་གཏོད”ཀྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་ཆེ་རུ་བཏང་སྟེ་ལྷ་ས་གྲོང་ཁྱེར་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།