[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས“ལམ་ཁ་ཧམ་བཟུང”གི་ངན་གཤེད་ཚོགས་པ་ཞིག་གཏོར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-25

    liy96634.jpg

    འདི་ནི་བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་སེལ་གཤེད་བཅོམ་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    2015ལོ་ནས་བཟུང་། མཱ་ཆེ་གེ་མོ་དང་སྐལ་ཆེ་གེ་མོས་གཙོས་པའི་ངན་གཤེད་ཚོགས་པ་ཞིག་གིས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་སྐྱེལ་འདྲེན་ཁྲོམ་ར་ཧམ་བཟུང་བྱ་ཆེད། རླངས་འཁོར་རུ་མི་མཚམས་མི་ཆད་པར་བསྡུས་པ་དང་། ཨར་ལས་ལ་བཀག་འགོག་བཟོ་བ་དང་ལམ་ཁ་བཀག་པ། འཇིགས་སྣང་སྐུལ་བ། གན་རྒྱ་ཨུ་ཚུགས་ཀྱིས་འཇོག་ཏུ་འཇུག་པ། “ཉེས་ཆད”གཏོང་བ་སོགས་ཀྱི་ཐབས་ལ་བརྟེན་ནས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་སྣ་དཀར་རྩེ་གྲོང་རྡལ་ཁོངས་སུ་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་མང་པོ་ཞིག་སྤེལ་ཡོད། 2019ལོའི་ཟླ་1ཚེས་1ཉིན། གྱོད་གཞི་དེ་སྣ་དཀར་རྩེ་རྫོང་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བརྒྱབ་པ་དང་། བཙན་ཤེད་ངང་ཉོ་ཚོང་བྱེད་དུ་བཅུག་པའི་ནག་ཉེས་ཀྱི་ཐོག་ནས་ཁྲིམས་ཁང་གིས་རླངས་འཁོར་རུ་ཁག་གི་རུ་དཔོན་མཱ་ཆེ་གེ་མོ་དང་རུ་དཔོན་གཞོན་པ་སྐལ་ཆེ་གེ་མོ་དུས་བཀག་བཙོན་འཇུག་ཟླ་8བྱས་པ་མ་ཟད་དངུལ་ཆད་སྒོར་3000བཏང་བ་རེད།

    ཚོགས་མི་གསར་པས་ཚོགས་གྲོན་སྤྲད་དེ་རུ་དཔོན་གྱི་གླ་ཆ་བྱེད་པ།

    སྐབས་དེ་དུས་2016ལོའི་ཟླ་8པ་རེད། ཁུལ་དེའི་རླངས་འཁོར་རུ་ཁག་གིས་ང་ཚོར་རྒྱུ་ཆ་དབོར་འདྲེན་མ་བྱས་པ་དང་ང་ཚོས་ཕྱི་ནས་རླངས་འཁོར་གླ་མ་ནུས་པར་གྲ་སྒྲིག་བྱས་པའི་རྒྱུ་ཆའང་ཚང་མ་བེད་སྤྱོད་བྱས་ཟིན་པས་ལས་མཚམས་ཟླ་1ལྷག་ཙམ་འཇོག་དགོས་བྱུང་བ་དང་། དེ་རྗེས་ཐབས་ཤེས་གང་ཡང་མེད་པར་ཕྱི་ནས་རྒྱུ་ཆ་དབོར་མཁན་རླངས་འཁོར་3གླས་པ་ཡིན”ཞེས་གནོད་འཚེ་ཕོག་མཁན་ཚེ་ཆེ་གེ་མོས་དྲན་གསོ་བཞིན་དུ“སྐབས་དེ་དུས་རླངས་འཁོར་ནས་རྒྱུ་ཆ་ཕབ་ཟིན་རྗེས་མི་བཅུ་གྲངས་ཤིག་གིས་ང་ཚོར་མཐའ་བསྐོར་ཏེ་འདི་གར་རྒྱུ་ཆ་དབོར་མི་ཆོག་པའི་འཇིགས་སྣང་སྐུལ་བྱུང”ཞེས་བཤད།

    “2017ལོའི་ཟླ་10པའི་ཟླ་དཀྱིལ་ཙམ་ལ་ངས་དེ་གོང་འོད་ཤུགས་གློག་ཁང་གི་ཨར་སྐྲུན་ཕྱོགས་དང་གན་རྒྱ་འཇོག་པའི་ཁ་ཆད་གཞིར་བཟུང་། ཆུ་ཤུར་ནས་བྱེ་མ་རླངས་འཁོར་གང་ལས་ཡུལ་དུ་དབོར་བས་རླངས་འཁོར་རུ་ཁག་དེས་ཤེས་ཏེ་རུ་དཔོན་མཱ་ཆེ་གེ་མོས་མི་50ལྷག་ཙམ་ཁྲིད་ནས་ང་ཚོར་མཐའ་བསྐོར་བ་དང་ལས་ཡུལ་དུ་བྱེ་རྡོ་ཡིན་ཅིག་ཁོང་ཚོའི་རླངས་འཁོར་རུ་ཁག་གིས་དབོར་དགོས་པ་དང་མི་སྒེར་ལ་ཨར་སྐྲུན་ཕྱོགས་དང་སྐྱེལ་འདྲེན་གན་རྒྱ་འཇོག་པའི་དབང་ཆ་མེད་ཚུལ་བཤད་པ་མ་ཟད། ལམ་སེང་གན་རྒྱ་རྩིས་མེད་དུ་གཏོང་དགོས་ཞེས་བཤད་བྱུང་། མཐར་ཁོང་ཚོའི་འཇིགས་སྐུལ་འོག་ཨར་སྐྲུན་ཕྱོགས་ཀྱིས་ང་དང་གན་རྒྱ་རྩིས་མེད་དུ་བཏང་བ་དང་། རླངས་འཁོར་རུ་ཁག་དང་བསྐྱར་དུ་སྐྱེལ་འདྲེན་གན་རྒྱ་བཞག་སོང་། རླངས་འཁོར་རུ་ཁག་གིས་ད་དུང་ཕྱི་ནས་རླངས་འཁོར་གླས་པར་ཁ་གཡར་ཏེ་ཨར་སྐྲུན་ཕྱོགས་ལ་ཉེས་ཆད་སྒོར་6600བཏང་སོང”ཞེས་སྐྱེལ་འདྲེན་ཁ་ལོ་བ་བསོད་ཆེ་གེ་མོས་བཤད།

    རླངས་འཁོར་རུ་ཁག་དེ་2011ལོར་བཙུགས་མ་ཐག་པའི་སྐབས་སུ་ལས་གཉེར་བྱེད་མཁན་རླངས་འཁོར་ཁ་ཤས་ལས་མེད། རླངས་འཁོར་རུ་ཁག་གི་རུ་མི་མང་དུ་སོང་བ་དང་སྦྲགས། རླངས་འཁོར་རུ་ཁག་ལ་འཛུལ་བར་ཚོགས་གྲོན་སྤྲོད་དགོས་པ་དང་། རླངས་འཁོར་རུ་ཁག་གི་རུ་དཔོན་འདེམས་བསྐོ། མི་སྣ་སྒྲིག་འཛུགས་བྱས་ཏེ་ཕྱི་ནས་འོང་བའི་རླངས་འཁོར་བཀག་པ་སོགས་ཡིག་ཐོག་ཏུ་འཁོད་མེད་པའི་ལམ་ལུགས་ཆགས་ཡོད། 2018ལོའི་ཟླ་3པར་གྱོད་གཞི་ཐོན་སྐབས་རུ་མི་47ཡོད་པ་རེད། མཱ་ཆེ་གེ་མོ་དང་སྐལ་ཆེ་གེ་མོས་ཉིན་ལྟར་རུ་མི་2བཏང་ནས་ས་ཆ་དེ་གར་སྐོར་ཞིབ་བྱས་ཏེ་ཕྱི་ནས་འོང་བའི་རླངས་འཁོར་སྣ་དཀར་རྩེ་གྲོང་རྡལ་ཁོངས་སུ་སྐྱེལ་འདྲེན་བྱེད་ཀྱི་ཡོད་མེད་ལ་ལྟ་བ་མ་ཟད་ཕྱོགས་གསུམ་པ་དང་རླངས་འཁོར་རུ་ཁག་དབར་བཙན་ཤེད་ཀྱིས་གན་རྒྱ་འཇོག་ཏུ་འཇུག་གི་ཡོད།

    “རླངས་འཁོར་རུ་ཁག་གིས་རུ་མི་ཚོར་ལོ་ལྟར་གཏའ་དངུལ་སྒོར་2000འཇོག་ཏུ་བཅུག་སྟེ་གཙོ་བོ་རྒྱུན་གཏན་གྱི་འགྲོ་སོང་དང་རུ་དཔོན་དང་རུ་དཔོན་གཞོན་པའི་གླ་ཆར་སྤྱོད་ཀྱི་ཡོད། དེ་དང་ཆབས་ཅིག་གསར་དུ་ཞུགས་པའི་ཚོགས་མིས་ཀྱང་ཚོགས་གྲོན་སྤྲོད་དགོས་ཀྱི་ཡོད་ལ་ལོ་ལྟར་ཚོགས་གྲོན་སྒོར་2000སྤར་ནས་ཁྲི་1བར་བསྡུ་ཡི་ཡོད། ང་ཚོ་རླངས་འཁོར་རུ་ཁག་གི་དོན་དག་ཆེ་ཆུང་ཚང་མ་རུ་དཔོན་དང་རུ་དཔོན་གཞོན་པས་གཏན་འབེབས་བྱེད་ཀྱི་ཡོད། གལ་ཏེ་ཕྱི་ནས་འོང་བའི་རླངས་འཁོར་གྱིས་ལས་ཡུལ་དུ་རྒྱུ་ཆ་ཕབ་པ་སྡོད་བྱས་མཐོང་མེད་ན་ཉེས་ཆད་སྒོར་250འམ་ཡང་ན་བྱེ་རྡོ་དབོར་ཐེངས་གཅིག་ཉུང་དུ་གཏོང་བའི་གཏན་འབེབས་བྱས་པ་དང་། གཅིག་གྱུར་བཀོད་སྒྲིག་ལ་མ་ཉན་པ་དང་རླངས་འཁོར་རུ་ཁག་གི་ནང་ཁུལ་ཚོགས་འདུར་མ་ཞུགས་ཚེ་ཉེས་ཆད་གཏོང་གི་ཡོད”ཅེས་རླངས་འཁོར་རུ་ཁག་གི་རུ་མི་སྐྱིད་ཆེ་གེ་མོས་བཤད།

    རྫོང་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་པས་ཞུ་སྦྱོར་ཕྱི་མས་ཁྲིམས་རར་འཕྲལ་དུ་རང་ཉེས་ངོས་ལེན་ཞུས་པ།

    སྣ་དཀར་རྩེ་རྫོང་ཞིབ་དཔྱོད་ཁང་གི་སྒྲུབ་འགན་འཁུར་མཁན་ཞིབ་དཔྱོད་དཔོན་གྱིས། “ཞིབ་བཤེར་བརྒྱུད། ཞུ་སྦྱོར་ཕྱི་མ་2རླངས་འཁོར་རུ་ཁག་གི་འགོ་ཁྲིད་བྱས་ཏེ་རང་ཡུལ་གྱི་སྐྱེལ་འདྲེན་ཁྱབ་ཁོངས་སུ་བཙན་ཤེད་ངང་ཉོ་ཚོང་གི་ཉེས་གསོག་བྱ་སྤྱོད་ཐེངས་མང་སྤེལ་དུ་བཅུག་ནས་དྲང་གཞག་དང་རང་མོས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་ལ་གཏོར་བཤིག་ཚབས་ཆེན་བཏང་བ་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད་ཅིང་། 《ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་གྱོད་གཞི་སྒྲུབ་གཉེར་གྱི་གནད་དོན་འགའ་ཞིག་སྐོར་གྱི་མཛུབ་ཁྲིད་བསམ་འཆར》གྱི་དོན་ཚན་བཅུ་བཞི་པའི་གཏན་འབེབས་གཞིར་བཟུང་། ཁོ་གཉིས་པོའི་བྱེད་སྤྱོད་ནི‘ངན་གཤེད་སྟོབས་ཤུགས’ཀྱི་ཉེས་གསོག་ཡིན་པས་ཉེས་ཆད་ནན་པོ་གཅོད་དགོས་པ་ཞིབ་དཔྱོད་ཁང་གིས་ངོས་འཛིན་བྱས་ཡོད”ཅེས་གསར་འགོད་པར་བཤད།

    གྱོད་གཞི་དེར་ཟླ་བ་བཞིའི་རིང་བརྟག་དཔྱད་དང་དཔང་རྟགས་བཙལ་མཐར། སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་2018ལོའི་ཟླ་7ཚེས་9ཉིན་རླངས་འཁོར་རུ་ཁག་གི་རུ་དཔོན་མཱ་ཆེ་གེ་མོ་དང་རུ་དཔོན་གཞོན་པ་སྐལ་ཆེ་གེ་མོ་བཟུང་པ་དང་དུས་མཚུངས། རླངས་འཁོར་རུ་ཁག་གི་རུ་མི་2ལ་སྲིད་འཛིན་བཀག་ཉར་གྱི་ཉེས་ཆད་བཏང་བ་དང་། རུ་མི་གཞན་དག་43ལ་ཁྲིམས་ལུགས་འཛིན་གྲྭ་བཙུགས་ནས་ཁྲིམས་ལུགས་ཀྱི་སློབ་གསོ་བརྒྱབ་ཡོད། ཞིབ་བཤེར་བྱས་པ་བརྒྱུད། 2018ལོའི་ཟླ་8ཚེས་1ཉིན། སྣ་དཀར་རྩེ་རྫོང་ཞིབ་དཔྱོད་ཁང་གིས་ཉེས་གསོག་དོགས་ཅན་མཱ་ཆེ་གེ་མོ་དང་སྐལ་ཆེ་གེ་མོ་གཉིས་བཙན་ཤེད་ཉོ་ཚོང་གི་ཉེས་པ་དང་འབྲེལ་བ་ཡོད་པའི་ཐོག་ནས་ཁྲིམས་ལྟར་ཆོག་མཆན་བཀོད་ནས་བཟུང་རྒྱུའི་གཏན་འབེབས་བྱས་ཤིང་། ལོ་དེའི་ཟླ་10ཚེས་18ཉིན་ཞིབ་དཔྱོད་ཁང་དེས་རྫོང་ཁྲིམས་ཁང་ལ་ཁྲིམས་ལྟར་ཞུ་གཏུག་བརྒྱབ་པ་དང་ཞུ་སྦྱོར་ཕྱི་མས་ཁྲིམས་རར་འཕྲལ་དུ་རང་ཉེས་ངོས་ལེན་ཞུས་པ་རེད། མཐར་ཁྲིམས་ཁང་གིས་ཁྲིམས་བཞིན་གོང་གསལ་གྱི་ཁྲིམས་ཐག་བཅད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།