[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཟླ་7པར་ལྷ་སའི་བདལ་གཏོང་རླངས་འཁོར་125ཞུ་གཏུག་བརྒྱབ་པ་ཚང་མ་ཐག་གཅོད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    liy98213_s.jpg

    འདི་ནི་ལས་དོན་མི་སྣས་ཞུ་གཏུག་ཁ་པར་ལེན་བཞིན་པ།

    བདལ་གཏོང་རླངས་འཁོར་ལས་རིགས་ཀྱི་གཟུགས་བརྙན་ལེགས་སུ་བཏང་ནས་བདལ་གཏོང་རླངས་འཁོར་ལས་རིགས་ཀྱི་ཟང་ཟིང་རྣམ་པ་བཅོས་སྒྲིག་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱི་བདལ་གཏོང་རླངས་འཁོར་ཀུང་སི་གཉིས་པོས་བདལ་གཏོང་རླངས་འཁོར་བཅོས་སྒྲིག་གི་ལས་དོན་སྤེལ་བ་དང་། ལས་དོན་མི་སྣས་ཉིན་ལྟར་ཞིབ་བཤེར་བྱས་ནས་བདལ་གླ་གང་བྱུང་དུ་ལེན་པའི་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ་རིམ་པ་བཞིན་ཐག་གཅོད་བྱེད་ཀྱི་ཡོད། ཉེ་ཆར། གསར་འགོད་པར་ཤེས་རྟོགས་བྱུང་གསལ། ཟླ་7པར་ལྷ་སའི་བདལ་གཏོང་རླངས་འཁོར་གྱི་ཞུ་གཏུག་བདག་སྤྲོད་ལྟེ་གནས་སུ་ཞུ་གཏུག་གྱོད་གཞི་125འབྱོར་བ་ལས། སྐྱེལ་འདྲེན་དོ་དམ་སྡེ་ཚན་གྱིས་གྱོད་གཞི་58བརྒྱུད་སྤྲོད་བྱས་པ་དང་། ཀུང་སིར་གྱོད་གཞི་54འབྱོར་བ། 12345སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ལ་གྱོད་གཞི་13འབྱོར་བ་བཅས་ཚུད་ཡོད། མིག་སྔར་གྱོད་གཞི་ཚང་མ་ཐག་གཅོད་ཐུབ་ནས་ཐག་གཅོད་ཐུབ་ཚད་100%ཟིན་ཡོད་པ་རེད།

    ཟླ་7ཚེས་30ཉིན་གྱི་ཉིན་དགུང་ཆུ་ཚོད་11དང་སྐར་མ་5ཡི་གཡས་གཡོན་དུ། ཚེ་རིང་གཡང་ལགས(བསྒྱུར་མིང)དང་རོགས་པས་ལི་ཐའེ་ཐང་ཆེན་ཉེ་འགྲམ་དུ་བདལ་གཏོང་རླངས་འཁོར་ཞིག་བཀག་སྟེ་བདེ་སྡོད་ཁང་བརྒྱད་པར་འགྲོ་རྩིས་ཡོད་པ་དང་། ཁོ་གཉིས་རླངས་འཁོང་དུ་འཛུལ་རྗེས། ཁ་ལོ་བར་འགྲོ་སའི་ཡུལ་བཤད་པས། ཁ་ལོ་བས་རང་ཉིད་དེ་གར་འགྲོ་གི་མིན་ཞེས་ཁོ་གཉིས་རླངས་འཁོར་ནས་འབབ་ཏུ་བཅུག་པ་རེད། བྱེད་སྤྱོད་འདི་ནི་འགྲུལ་པ་སྐྱེལ་འདྲེན་མ་བྱས་པ་ཞིག་ཡིན་པས། ཚེ་རིང་གཡང་ལགས་དང་རོགས་པས་ཁ་ལོ་བ་དེ་ཞུ་གཏུག་བརྒྱབ་པ་རེད། ཞུ་གཏུག་ཁ་པར་འབྱོར་རྗེས། ལས་དོན་མི་སྣས་ཁ་ལོ་བ་དེར་འབྲེལ་གཏུག་བྱས་མོད། འོན་ཀྱང་ཁ་ལོ་བ་དེས་ལས་དོན་མི་སྣའི་ལས་དོན་ལ་གཞོགས་འདེགས་མ་བྱས་ཤིང་། ཀུང་སིར་དུས་ཐོག་ཏུ་ཞུ་གཏུག་ཐག་གཅོད་བྱེད་པར་བསྐྱོད་མེད། བརྡ་ཐོ་ཐེངས་མང་བཏང་རྗེས་གཞི་ནས་ཀུང་སིར་བསྐྱོད།

    “ཁ་ལོ་བ་དེའི་ཞུ་གཏུག་ཐག་གཅོད་ཀྱི་རྣམ་འགྱུར་ཡག་པོ་མེད་པས། ཀུང་སིས་ཁ་ལོ་བ་དེར་ཉིན་གསུམ་འགྲུལ་པ་སྐྱེལ་འདྲེན་བྱེད་མཚམས་བཞག་ནས་སློབ་སྦྱོང་བྱེད་དུ་བཅུག་པ་དང་འབྲེལ། ཡིག་ཐོག་གི་འགན་ལེན་ཡི་གེ་འབྲི་དགོས་པའི་ཐག་གཅོད་བྱས་པ་ཡིན”ཞེས་ལྷ་ས་བདལ་གཏོང་རླངས་འཁོར་ཞུ་གཏུག་བདག་སྤྲོད་ལྟེ་གནས་ཀྱི་ལས་དོན་མི་སྣས་བརྗོད།

    བདལ་གཏོང་རླངས་འཁོར་ཀུང་སིར་མགྱོགས་མྱུར་དང་། ནུས་ཆེ། གནད་འཁེལ་བཅས་ཀྱི་སྒོ་ནས་ཆ་འཕྲིན་འབྱོར་བར་སྟབས་བདེ་སྐྲུན་པ་དང་། སྤྱི་ཚོགས་ཀྱི་སྤྱི་དམངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཆེད། ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སི་དང་ལྷ་ས་གྲོང་ཁྱེར་ཧེང་ཨན་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིས“ལྷ་ས་གྲོང་ཁྱེར་གྱི་བདལ་གཏོང་རླངས་འཁོར”གྱི་སྐད་འཕྲིན་སྤྱི་རྟགས་ཤར་གཏོང་བྱས་ཡོད། འགྲུལ་པར་ཁ་ལོ་བའི་ཞབས་ཞུའི་རྣམ་འགྱུར་ཞན་པའམ་ཡང་ན་ཅ་དངོས་ལུས་པ་སོགས་ཀྱི་གནས་ཚུལ་ཕྲད་ཚེ་དྲ་ཐོག་ནས་ཚུར་ལེན་ཆོག

    དེ་དང་དུས་མཚུངས་སྤྱི་རྟགས་དེ་ནི་ཞུ་གཏུག་གྲོས་འགོ་དང་བརླགས་དངོས་ལེན་པའི་ཆེད་དམིགས་ལས་སྟེགས་ཤིག་ཡིན་པས། དམངས་ཚོགས་ལ་ཞབས་འདེགས་ཏན་ཏིག་ཞུ་ཐུབ་པ་མ་ཟད། གྲོང་མི་དང་དོ་དམ་སྡེ་ཚན་དབར་མགྱོགས་མྱུར་སྤེལ་རེས་བྱེད་པའི་ཆ་འཕྲིན་གྱི་ལས་སྟེགས་ཤིག་མཁོ་འདོན་བྱས་པ་དང་། བདལ་གཏོང་རླངས་འཁོར་ཀུང་སིས་འབྲེལ་ཡོད་ཀྱི་བརྡ་ཐོ་དྲིལ་བསྒྲགས་དང་། ཁ་ལོ་བ་བསྡུ་བ་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ལ་སྟབས་བདེ་བསྐྲུན་ཡོད། “གལ་སྲིད་འགྲུལ་པར་ཁ་ལོ་བས་སྒྲིག་འགལ་ངང་སྐྱེལ་འདྲེན་བྱེད་པའི་གནས་ཚུལ་ཕྲད་ཚེ། སྐད་འཕྲིན་གྱི་སྤྱི་རྟགས་བརྒྱུད་ཐད་ཀར་ཞུ་གཏུག་རྒྱག་ཆོག་པ་དང་། ཞུ་གཏུག་བདག་སྤྲོད་ལྟེ་གནས་ཀྱི་ལས་དོན་མི་སྣས་འཕྲལ་མར་ཐག་གཅོད་བྱ་སྲིད”ཅེས་ལྷ་ས་བདལ་གཏོང་རླངས་འཁོར་ཞུ་གཏུག་བདག་སྤྲོད་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།