[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ངལ་རྩོལ་རྩོད་རྙོག་གི་གྱོད་གཞི་ཞིག་གྲུབ་འབྲས་ཐོབ་པའི་ངང་བསྐྱར་གཅོད་ཡོང་རེ་ཞུས་པ།

    གོང་དུ་ཁྲིམས་ཐག་བཅད་པ་རྩིས་མེད་བཏང་སྟེ་ཞིབ་གཅོད་བསྐྱར་དུ་བྱ་རྒྱུའི་ཐག་བཅད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-04

    ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ཀྲའོ་ཆེ་གེ་མོ་དང་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་དང་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་དབར་གྱི་ངལ་རྩོལ་རྩོད་རྙོག་གི་གྱོད་གཞི་གྲུབ་འབྲས་ཐོབ་པའི་ངང་བསྐྱར་གཅོད་ཡོང་རེ་ཞུས་ཤིང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་དེ་བསྐྱར་དུ་ཞིབ་གཅོད་བྱེད་སྐབས། ཞིབ་དཔྱོད་ལས་ཁུངས་ཀྱིས་གཏན་འཁེལ་བྱས་པའི་གཞི་རྩའི་དོན་དངོས་ལ་དཔང་རྟགས་ཁུངས་བཙན་མ་འདང་བའི་བསྐྱར་གཅོད་ཞུ་གཏུག་ཁས་བླངས་ཏེ། གོང་གི་ཁྲིམས་ཐག་རྩིས་མེད་བཏང་ནས་ཞིབ་གཅོད་བསྐྱར་དུ་བྱ་རྒྱུ་ཐག་བཅད།

    གྱོད་གཞི་དེ་འདྲི་གཅོད་དང་པོ་བྱེད་རིང་། ཞུ་སྦྱོར་སྔ་མ་ཀྲའོ་ཆེ་གེ་མོ་དང་ལྷ་ས་གྲོང་ཁྱེར་སློབ་གསོ(ལུས་རྩལ)ཅུས་དབར་ངལ་རྩོལ་རྩོད་རྙོག་བྱུང་ནས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ། ཞུ་སྦྱོར་ཕྱི་མས་2016ལོའི་ཟླ་10ནས་2017ལོའི་ཟླ་4ཚེས་24ཉིན་བར་འགྱངས་ཆད་བྱས་པའི་གླ་ཆ་དང་། དཔལ་འབྱོར་ཁ་གསབ་དངུལ། གླ་ཆ་ལྡབ་གཉིས་ཀྱི་ཆད་གྲངས། ལོ་གསར་གྱི་ངལ་གསོའི་རིང་གི་གླ་ཆ། ལས་ཀ་འཕར་མ་བྱས་པའི་གླ་ཆ། དེ་བཞིན་འབྲེལ་ཡོད་སྣོན་སྤྲོད་ཁ་གསབ་དངུལ་བཅས་ཁྱོན་སྒོར་496897སྤྲོད་རྒྱུའི་ཁྲིམས་གཅོད་བཀའ་རྒྱ་གཏོང་རྒྱུའི་རེ་འདུན་ཞུས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས།2017ལོའི་ཟླ་10ཚེས་17ཉིན་དམངས་དོན་ཁྲིམས་ཐག་བཅད་པ་སྟེ། ཞུ་སྦྱོར་སྔ་མའི་ཞུ་གཏུག་གི་ནང་དོན་གཙོ་བོ་འགར་རྒྱབ་སྐྱོར་བྱ་རྒྱུའི་ཁྲིམས་ཐག་བཅད། ཞུ་སྦྱོར་ཕྱི་མ་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་དང་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ཞུ་སྦྱོར་སྔ་མ་ཀྲའོ་ཆེ་གེ་མོར་གླ་ཆ་དང་། དཔལ་འབྱོར་ཁ་གསབ་དངུལ། ལོ་གསར་གྱི་ངལ་གསོའི་རིང་གི་གླ་ཆ་བཅས་ཁྱོན་སྒོར་36255སྤྲོད་རྒྱུའི་ཁྲིམས་ཐག་བཅད་པ་དང་འབྲེལ། ཞུ་སྦྱོར་སྔ་མ་ཀྲའོ་ཆེ་གེ་མོའི་ཞུ་གཏུག་གི་རེ་ཞུ་གཞན་དག་ཕྱིར་སློག་བྱས།

    ཁྲིམས་ཐག་བཅད་པར་བློ་ཡིད་མ་ཚིམ་པའི་དབང་གིས་ཀྲའོ་ཆེ་གེ་མོས་དེ་རྗེས་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་སོ་སོར་ཞུ་གཏུག་བརྒྱབ་པ་དང་འབྲེལ། ཞིབ་གཅོད་བསྐྱར་དུ་བྱ་རྒྱུའི་རེ་འདུན་ཞུས། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་2017ལོའི་ཟླ་12ཚེས་20ཉིན་དམངས་དོན་འདྲི་གཅོད་ཐེངས་གཉིས་པའི་དམངས་དོན་གཏུག་བཤེར་དཔྱད་ཁྲ་ཁྱབ་བསྒྲགས་བྱས་པ་སྟེ། དོན་དངོས་དང་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པས་ཞུ་གཏུག་ཕྱིར་སློག་གིས་ཐོག་མའི་ཁྲིམས་ཐག་རྒྱུན་འཁྱོངས་བྱེད་དགོས་པའི་ཐག་བཅད་པ་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་2018ལོའི་ཟླ་6ཚེས་14ཉིན་ཁྲུན་ཐག་བཅད་པ་སྟེ། ཀྲའོ་ཆེ་གེ་མོས་ཞིབ་གཅོད་བསྐྱར་དུ་བྱ་རྒྱུའི་རེ་འདུན་ཞུས་པ་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་གཏུག་བཤེར་བཅའ་ཁྲིམས》གྱི་དོན་ཚན་ཉིས་བརྒྱའི་ནང་དོན་དང་མི་མཐུན་པས་ཞིབ་དཔྱོད་བསྐྱར་དུ་བྱ་རྒྱུའི་རེ་འདུན་ཞུ་ཡིག་ཕྱིར་སློག་རྒྱུའི་ཐག་བཅད། ཁྲིམས་ཐག་བཅད་རྗེས་ཀྲའོ་ཆེ་གེ་མོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་ཁྲིམས་ཨུ་ལྷན་ལ་ཞུ་གཏུག་བརྒྱབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྱོད་གཞི་དེ་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་གིས་2018ལོའི་ཟླ་12ཚེས་12ཉིན། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དམངས་དོན་ཁྲིམས་གཅོད་གཏན་འཁེལ་བྱས་པ་བཞིན་གཞི་རྩའི་དོན་དངོས་ལ་དཔང་རྟགས་ཁུངས་བཙན་མ་འདང་བའི་དབང་གིས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་བསྐྱར་གཅོད་གཏུག་བཤེར་བྱ་རྒྱུའི་རེ་འདུན་ཞུས། རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་གིས་2019ལོའི་ཟླ་1ཚེས་8ཉིན་དམངས་དོན་ཁྲུན་ཐག་བཅད་པ་སྟེ། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གྱོད་གཞི་དེ་ཡང་བསྐྱར་འདྲི་ཞིབ་བྱེད་དགོས་པའི་བཀའ་རྒྱ་བཏང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་བསྐྱར་དུ་བྱས་པ་བརྒྱུད། 2019ལོའི་ཟླ་4ཚེས་25ཉིན་དམངས་དོན་ཁྲུན་ཐག་བཅད་པ་སྟེ། གཅིག་ནས་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི(2017)བོད་ཨང་01དམངས་དོན་གྱོད་གཞིའི་ཁྲིམས་བཅད་མཐའ་མ་ཨང་609ཡི་དམངས་དོན་ཁྲིམས་གཅོད་དང་དེ་བཞིན་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི(2017)བོད་ཨང་0102དམངས་དོན་གྱོད་གཞིའི་ཁྲིམས་གཅོད་ཐོག་མ་ཨང་1127གྱི་དམངས་དོན་ཁྲིམས་གཅོད་རྩིས་མེད་བཏང་བ་དང་། གཉིས་ནས་གྱོད་གཞི་དེ་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ལ་འདྲི་ཞིབ་བསྐྱར་དུ་བྱ་རྒྱུར་རྩིས་སྤྲད། མིག་སྔར་གྱོད་གཞི་དེ་འདྲི་ཞིབ་བསྐྱར་དུ་བྱེད་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།