[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • བོད་ལྗོངས་ཀྱི་གྲོང་ཚོ་ཞིག་གི་ནག་གཤེད་སྟོབས་ཤུགས་ཚོགས་པའི་མི་5ལ་ཁྲིམས་ཆད་ཕོག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    liy9695.jpg

    འདི་ནི་ཁྲིམས་ར་འཚོག་ཡུལ་ཡིན་པ།

    2018ལོའི་ཟླ་10པའི་ཟླ་འགོར། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གི་སྦྱོང་བརྡར་བྱ་ཡུལ་ཞིག་གི་ཉེ་འགྲམ་དུ་མི་ཁ་ཤས་ཀྱིས་ཡུལ་གཞན་གྱི་ཚོང་དུད་ཀྱི་ཚོང་འཕྲོག་པ་མ་ཟད། ད་དུང་སྦྱོང་བརྡར་བྱ་ཡུལ་དུ་ཅ་ལག་སྐྱེལ་བར་འགྲོ་མཁན་དབྱི་ཆེ་གེ་མོ་ཕ་མད་གཉིས་ཀྱི་ཁ་བཀག་ནས་བཙན་ཤེད་ཀྱིས“སྲུང་རིན”བླངས་ཁར་ཕྱིར་འབུད་ཀྱང་བྱས་པ་རེད།

    དེའི་རྗེས་ཀྱི་ཟླ་གཅིག་ཙམ་རིང་མི་དེ་དག་གིས་ཡུལ་དེ་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་གྱི་ཁ་བཀག་ནས་འཇིགས་སྣང་སྐུལ་བ་དང་། བཙན་ཤེད་ཀྱིས་དངོས་ཟོག་ལ་ཞིབ་བཤེར་བྱས་པ། “སྲུང་རིན”བསྡུས་པ་སོགས་བྱས་ནས་ཡུལ་གཞན་གྱི་ཚོང་དུད་མང་པོའི་ཁེ་ཕན་ལ་གནོད་འཚེ་བཏང་ཡོད་པ་རེད། “2018ལོའི་ཟླ་10པར་ང་ཚོ་མི་ཁ་ཤས་ཤིག་མཉམ་དུ་སྦྱོང་བརྡར་བྱ་ཡུལ་དུ་བཏུང་བྱ་བཙོངས་ནས་སྡོད་དུས་ས་གནས་དེ་གའི་བུད་མེད་གཅིག་ཡོང་ནས་ས་ཆ་དེ་ཁོ་ཚོའི་ཡིན་ཞེས་བརྗོད་པ་དང་། ད་དུང་ཚོང་རྒྱག་སར་བསྡད་ནས་ང་ཅ་ལག་འཚོང་དུ་བཅུག་མ་བྱུང་། ཉིན་གཉིས་པར་ཁོ་ཚོ་ཡང་བསྐྱར་ཡོང་ནས་སྒོར་500སྤྲད་ཚེ་གཞི་ནས་ཅ་ལག་བཙོང་ཆོག ཕྱིས་སུ་ཡོང་ཐེངས་རེར་སྒོར་500བསྡུ་རྒྱུ་ཡིན་ཞེས་བརྗོད་བྱུང་། ང་ཚོར་ཞེད་སྣང་ཆེན་པོ་བྱུང་བས་སྒོར་500སྤྲོད་པའི་ཁས་བླངས་པ་ཡིན”ཞེས་སྦྱོང་བརྡར་བྱ་ཡུལ་གྱི་ཉེ་འགྲམ་དུ་ཚོང་ཙག་ཙིག་རྒྱག་མཁན་ཚོང་དུད་ཐང་ཆེ་གེ་མོས་བཤད།

    གྱོད་གཞི་དེར་སྤྱི་བདེ་ལས་ཁུངས་ཀྱིས་མྱུལ་ཞིབ་བྱས་པ་བརྒྱུད། ཚེ་ཆེ་གེ་མོས་གཙོས་ནག་གཤེད་སྟོབས་ཤུགས་ཀྱི་ཉེས་གསོག་ཚོགས་པ་དེ་གཞི་ནས་ཤེས་རྟོགས་བྱུང་བ་རེད། ཤེས་རྟོགས་བྱས་པར་གཞིགས་ན། ཚེ་ཆེ་གེ་མོ་སོགས་མི་5ཡིས་མཉམ་དུ་མ་དངུལ་བཏང་ནས་ས་གནས་དེ་གའི་སྦྱོང་བརྡར་བྱ་ཡུལ་དུ་ཚོང་བརྒྱབ་པ་དང་། ཚོང་དེ་དག་སྒེར་ལ་བདག་ཆེད། མི་5པོས་ཕྱི་ནས་ཚོང་རྒྱག་པར་ཡོང་མཁན་གྱི་རླངས་འཁོར་གྱི་ཁ་བཀག་ནས་ཁོ་ཚོ་ཡུལ་དེར་འགྲོ་རུ་མི་འཇུག་པ་དང་འབྲེལ། “སྲུང་རིན”ཟེར་བ་ཁྱོན་སྒོར་3290བླངས་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཞིབ་དཔྱོད་ཁང་གིས་གྱོད་གཞི་དེར་བདག་སྤྲོད་དང་ཞིབ་དཔྱད་བྱས་ནས་ཤེས་རྟོགས་བྱུང་བར། ཚེ་ཆེ་གེ་མོ་དང་བཀྲ་ཆེ་གེ་མོ་སོགས་མི་ལྔས་ཁྲིམས་ལས་འགལ་ནས་བདག་ཏུ་བཟུང་བ་དམིགས་ཡུལ་དུ་བྱས་ཏེ་འཇིགས་སྐུལ་དང་བཙན་ཤེད་སོགས་ཀྱི་བྱེད་ཐབས་སྤྱད་ནས“སྲུང་རིན”ལེན་པའི་བྱེད་སྤྱོད་དེས་གནོད་འཚེ་ཕོག་མཁན་གྱི་ཁྲིམས་མཐུན་གཉེར་སྐྱོང་ཁེ་དབང་ལ་གནོད་འཚེ་བཏང་བ་མ་ཟད། ད་དུང་གཞུང་སྒེར་རྒྱུ་ནོར་གྱི་བདག་དབང་ལ་ཡང་གནོད་འཚེ་བཏང་ཡོད། 2018ལོའི་ཟླ་11ཚེས་16ཉིན། ཞིབ་དཔྱོད་ཁང་དེས་བཙན་ལེན་ཧམ་འཕྲོག་གི་ཉེས་མིང་ནས་ཁྲིམས་ལྟར་ཚེ་ཆེ་གེ་མོས་གཙོས་ནག་གཤེད་སྟོབས་ཤུགས་ཀྱི་ཉེས་གསོག་ཚོགས་པའི་ཉེས་གསོག་དོགས་ཅན་5བཟུང་པ་རེད།

    2019ལོའི་ཟླ་1ཚེས་4ཉིན། སྨན་གླིང་རྫོང་ཞིབ་དཔྱོད་ཁང་གིས་ཚེ་ཆེ་གེ་མོ་སོགས་མི་5ཡིས་བཙན་ལེན་ཧམ་འཕྲོག་གི་ཉེས་པ་བསགས་པའི་དོགས་གཞིར་བརྟེན་ནས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་ཡོད། ཉེ་ཆར་ཚེ་ཆེ་གེ་མོ་སོགས་ཞུ་སྦྱོར་ཕྱི་མ་4ལ་རྫོང་ཁྲིམས་ཁང་གིས་བཙན་ལེན་ཧམ་འཕྲོག་གི་ཉེས་མིང་ནས་ཟླ་10ནས་ཟླ་5བར་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་དང་། ཞུ་སྦྱོར་ཕྱི་མ་5ཡིས་ཁྲིམས་རར་ནག་ཉེས་ངོས་ལེན་ཞུས་ཏེ་ཚང་མས་གོང་གཏུག་བྱེད་ཀྱི་མིན་ཞེས་བརྗོད།

    ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཝང་ཧུའེ་ཡིས་ངོ་སྤྲོད་བྱས་པར། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རིང་། སྨན་གླིང་རྫོང་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ནག་གཤེད་དང་འབྲེལ་བ་ཡོད་པའི་སྒྲིག་འཛུགས་པ་དང་། འགོ་ཁྲིད་པ། ལྟེ་བའི་ཁོངས་མི་སོགས་ལ་ཁྲིམས་ལྟར་རྡུང་རྡེག་མཐའ་གཅིག་ཏུ་བཏང་ཡོད་ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།