[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཆབ་མདོའི་ཉེན་རྟོག་ཕྱོགས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཞིག་རྩད་བཅད་པ།

    སྐད་འཕྲིན་ནས་ལག་ཐོགས་ཁ་པར་ཉོས་ཀྱང་ལག་ཏུ་འབྱོར་བ་ནི་རྐང་ཤུབས་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    ཉེ་ཆར། གནོད་འཚེ་ཕོག་མཁན་སྒྲོལ་ཆེ་གེ་མོས་སྐད་འཕྲིན་དུ་ཁ་པར་འཚོང་མཁན་ཡིན་ཟེར་བའི་མི་ཞིག་དང་སྐད་འཕྲིན་སྦྲེལ་མཐུད་བྱས་ནས་ཅི་འཕྲོས་མོལ་འཕྲོས་ཐེངས་མང་བྱས་པ་དང་ཆབས་ཅིག་ཡིད་ཆེས་བྱུང་རྗེས། སྒྲོལ་ཆེ་གེ་མོས་སྒོར་4500བྱས་ཏེ་ཀུ་ཤུ་རྟགས་ཅན་གྱི་ཁ་པར་8པ་བརྒྱད་དང་། ཀུ་ཤུ་རྟགས་ཅན་གྱི་ཁ་པར་7པ་གཉིས་ཉོས་མོད་ལག་ཏུ་འབྱོར་བ་ནི་ལག་ཐོགས་ཁ་པར་མིན་པར་རྐང་ཤུབས་ཆ་10དང་། ཁ་པར་བླུགས་སའི་ཤོག་སྒམ་གཅིག་ཡིན་པས་ལམ་སེང་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུས་པ་རེད།

    གྱོད་དོན་སྙན་སེང་འབྱོར་རྗེས། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་འཇོན་ཐང་ཆེ་བའི་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ། མགྱོགས་མྱུར་གྱོད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་ལས་དོན་སྤེལ་བ་དང་། དུས་མཚུངས་གྱོད་དོན་འདི་ལྗོངས་སྤྱི་བདེ་ཐིང་ཉེས་དོན་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་ལ་སྙན་སེང་ཞུས་ཏེ་མྱུལ་ཞིབ་བྱེད་རོགས་ཞུས་པ་རེད། སྤྱི་བདེ་ལས་ཁུངས་ཀྱི་སྡེ་ཚན་ཁག་གིས་སྟོབས་ཤུགས་མཉམ་འདོན་དང་མཉམ་ལས་བྱས་ཏེ་འབྲེལ་ཡོད་ལས་དོན་སྤེལ་བ་དང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་བདེ་ལས་ཁུངས་ཀྱིས་མགྱོགས་མྱུར་ལས་དོན་སྤེལ་བ་བརྒྱུད། ཟླ་8ཚེས་6ཉིན་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ཡིད་ཆེན་ཤང་དུ་ཉེས་གསོག་དོགས་ཅན་འཆི་ཆེ་གེ་མོ་འཛིན་བཟུང་ཐུབ་པ་རེད། ངོས་ལེན་ཞུས་པ་བརྒྱུད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཁུངས་འདེད་རྩད་གཅོད་ཀྱིས་ཉིན་དེ་རང་ལ་གྱོད་འབྲེལ་ཉེས་གསོག་དོགས་ཅན་ཉི་ཆེ་གེ་མོའང་འཛིན་བཟུང་ཐུབ་པ་རེད།

    མིག་སྔར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་འབྲེལ་ཡོད་གྱོད་གཞི་རྩད་གཅོད་གཏིང་ཟབ་བྱེད་པ་དང་། ཉེས་གསོག་དོགས་ཅན་འཆི་ཆེ་གེ་མོ་དང་ཉི་ཆེ་མོ་ཁྲིམས་བཞིན་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞི་སྔར་བཞིན་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།