[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲིམས་ཁང་གིས་དྲ་སྦྲེལ་ཁྲིམས་ཁང་གི་ཚོད་ལྟའི་ལས་དོན་སྤེལ་ནས།

    རྒྱང་ཁྲིད་ཁྲིམས་ར་འཚོགས་ཏེ་ཆུ་ཚོད་ཕྱེད་ཀའི་ནང་གན་རྒྱའི་སྐོར་གྱི་རྩོད་གཞི་ཞིག་འདུམ་འགྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-17

    འདི་ལོའི་ཟླ་4པ་ནས་བཟུང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲིམས་ཁང་གིས་དྲ་སྦྲེལ་ཁྲིམས་ཁང་གི་ཚོད་ལྟའི་ལས་དོན་སྤེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། དྲ་སྦྲེལ་ཁྲིམས་ཁང་གི་ཁྱད་ཆོས་ཆེ་ཤོས་ནི་དོ་བདག་གིས་ཞུ་གཏུག་བྱས་པ་ནས་མཐའ་མའི་འདྲི་གཅོད་བར་གྱི་གྱོད་གཞིའི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་བྱེད་ཀྱི་ཡོད་ཅིང་། དེ་ཐོག་ནས་དོ་བདག་གིས་རང་ཁྱིམ་ནས་ཞུ་གཏུག་ཐུབ་པ་མངོན་ཡོད། ཉེ་ཆར། ཁྲེང་ཀོན་ཆུས་ཁྲིམས་ཁང་གིས་དྲ་སྦྲེལ་ཁྲིམས་ཁང་ལ་བརྟེན་ནས་རྒྱང་ཁྲིད་བརྙན་ལམ་ཐོག་ནས་ཁྲིམས་ར་འཚོགས་ཏེ་གན་རྒྱའི་རྩོད་གཞིའི་གྱོད་གཞི་ཞིག་བདེ་བླག་ངང་ལེགས་སྒྲུབ་བྱས་པ་དང་སྦྲགས། ཕྱོགས་གསུམ་པའི་གཏོང་སྤྲོད་ལས་སྟེགས་བརྒྱུད་ཁྲིམས་རའི་ཐོག་གཏོང་སྤྲོད་ཀྱི་འོས་འགན་ལེགས་སྒྲུབ་བྱས་པར་ཉིན་གཅིག་རང་ལས་འགོར་མེད་པ་རེད།

    འཕྲལ་མར་འདྲི་གཅོད་བྱས་པ།

    ཆུ་ཚོད་ཕྱེད་ཀའི་ནང་འོས་འགན་ལག་བསྟར་བྱས་པ།

    2017ལོའི་ཟླ་7པར་ཀྲའོ་ཆེ་གེ་མོ་དང་ལིའུ་ཆེ་གེ་མོས་གླུ་གར་ཁང་ཞིག་གི་གྱང་ངོས་སུ་རི་མོ་འབྲི་བའི་གན་རྒྱ་ཞིག་བཞག་པ་དང་། ཕྱོགས་གཉིས་པོས་རི་མོ་འབྲི་བའི་རྒྱ་ཁྱོན་སྨི་ངོས་གྲུ་45ཡིན་པ་དང་། བསྡོམས་དངུལ་སྒོར་20000སྤྲོད་རྒྱུ་བྱས་པའི་ནང་ནས་སྒོར་10000སྔོན་ལ་སྤྲད་པ་དང་ལྷག་མ་དེ་དག་རི་མོ་བྲིས་ནས་རྩིས་བླངས་རྗེས་ཀྱི་ཉིན་7ནང་སྤྲོད་རྒྱུ་བྱས། ལས་གྲྭ་དེ་རྩིས་ལེན་པའི་དུས་མཚམས་སུ་སླེབས་སྐབས་ལིའུ་ཆེ་གེ་མོས་གཟབ་གཟབ་མ་བྱས་པའི་དབང་གིས་ཀྲའོ་ཆེ་གེ་མོའི་ལག་ཁྱེར་གློག་ཀླད་ཆག་པ་རེད། ཕྱོགས་གཉིས་པོ་གློག་ཀླད་བཟོ་བའི་ཐད་གྲོས་མཐུན་མ་བྱུང་བར་ཀྲའོ་ཆེ་གེ་མོས་ལས་གྲྭའི་དངུལ་ལྷག་མ་རྣམས་མ་སྤྲད་པས་ལིའུ་ཆེ་གེ་མོས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་པ་རེད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲིམས་ཁང་གྱོད་དོན་ཐོ་འགོད་ཐིང་གི་འདྲི་གཅོད་པ་པད་མ་དབྱངས་ཅན་གྱིས་གསར་འགོད་པར་གྱོད་དོན་དེ་ཁ་གསལ་བས་དོ་བདག་ལིའུ་ཆེ་གེ་མོས་ཟླ་8ཚེས་20ཉིན་ཁྲིམས་ཁང་ལ་གྱོད་དོན་ཐོ་འགོད་བྱས་ཡོད་ཅེས་བཤད།

    ཟླ་8ཚེས་21ཉིན། ཧྥུའུ་ཅན་དུ་ཡོད་པའི་ཞུ་སྦྱོར་ཕྱི་མ་ཀྲའོ་ཆེ་གེ་མོས་ལག་ཐོགས་ཁ་པར་གྱི་བརྙན་ལམ་བརྒྱུད་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲིམས་ཁང་གི་ཁྲིམས་དཔོན་པད་མ་དབྱངས་ཅན་དང་དེ་བཞིན་ཞུ་སྦྱོར་སྔ་མ་ལིའུ་ཆེ་གེ་མོ་དང་རྒྱང་ཁྲིད་ཁྲིམས་ར་འཚོགས་པ་རེད། “ཕྱོགས་གཉིས་པོ་དང་འབྲེལ་བ་ཡོད་པའི་རྩོད་གཞི་དེའི་གནས་ཚུལ་ཁ་གསལ་བས་ཆུ་ཚོད་ཕྱེད་ཀ་ཙམ་ལས་མ་འགོར་བར་རྒྱང་རིང་བརྙན་ལམ་ཐོག་ནས་གྱོད་གཞི་དེ་འདུམ་འགྲིག་ཟིན་ཡོད”ཅེས་པད་མ་དབྱངས་ཅན་གྱིས་བཤད།

    ཚོད་ལྟ།

    “དྲ་སྦྲེལ+ཁྲིམས་ཁང”གི་ལག་ལེན།

    ཉེ་ཆར། གསར་འགོད་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲིམས་ཁང་དུ་ཡོང་ནས་རྒྱང་ཁྲིད་ཁྲིམས་རའི་སྒྲིག་ཆས་སྒྲིག་སྦྱོར་བྱས་པའི་དྲ་སྦྲེལ་ཁྲིམས་ཁང་དུ་སྐྱོད། རྒྱང་ཁྲིད་ཁྲིམས་ར་འཚོག་ལ་ཉེ་བའི་ཁྲིམས་དཔོན་གྱིས་ལག་རྩལ་མི་སྣའི་མཛུབ་ཁྲིད་འོག་སྒྲིག་ཆས་སྙོམ་སྒྲིག་ཚོད་ལྟ་བྱས་པ་དང་ཆེས་གསལ་བའི་བརྙན་ཤེལ་ཁག་གཅིག་གྲ་སྒྲིག་ཟིན་པ་རེད། ཁྲིམས་ཁང་གིས“དྲ་སྦྲེལ+ཁྲིམས་ཁང”གང་ལེགས་མངོན་པར་བྱས་ཤིང་། དེ་དག་ཚང་མ་ཚན་རྩལ་མཐོ་བའི་སྒྲིག་ཆས་ཤ་སྟག་ཡིན་པ་རེད།

    “ཁྲིམས་ར་མ་འཚོག་གོང་ང་ཚོས་སྒྲིག་ཆས་སྙོམ་སྒྲིག་ཚོད་ལྟ་བྱས་པ་དང་སྦྲགས་རྒྱང་ཁྲིད་བརྙན་ལམ་གྱི་དོ་བདག་གཏན་འཁེལ་བྱས་ཏེ་དྲ་བའི་ཁོར་ཡུག་བཟང་པོའི་འོག་བརྙན་ལམ་ཐོག་ནས་བདེ་བླག་ངང་སྐད་ཆ་ཤོད་རེས་བྱས་པ་དང་། རིམ་པ་གཅིག་མཚུངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་རྒྱང་ཁྲིད་སྒྲིག་ཆས་ཀྱིས་ཀྱང་བདེ་བླག་ངང་སྐད་ཆ་ཤོད་རེས་ཐུབ་པ་རེད། ང་ཚོས་ད་དུང་སྐད་སྒྲ་དབྱེ་འབྱེད་ཀྱི་མཉེན་ཆས་བསྒར་ཏེ་ཁྲིམས་ར་འཚོག་རིང་དྲུང་ཡིག་གིས་སྐད་སྒྲ་དབྱེ་འབྱེད་བརྒྱུད་ཟིན་ཐོ་མགྱོགས་མྱུར་བཀོད་ཡོད་མོད། འོན་ཀྱང་མིག་སྔར་རྒྱང་ཁྲིད་ཁྲིམས་ར་འཚོག་རྒྱུ་དེ་སྟབས་བདེ་ལ་དོན་དངོས་ཅུང་ཁ་གསལ་བའི་གྱོད་གཞིར་མ་གཏོགས་སྤྱོད་ཐུབ་ཀྱི་མེད”ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲིམས་ཁང་གི་འབྲེལ་ཡོད་འགན་ཁུར་བས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།