[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>ཁྲིམས་རྩོད་པའི་དཔྱད་བརྗོད།
  • འཇོ་མདའ་རྫོང་ཁྲིམས་ཁང་གིས་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་གྱོད་གཞི་ཞིག་ཁྲིམས་བཞིན་འདྲི་གཅོད་མཇུག་སྡོམ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    xiaotou11_s.jpg

    རང་སྐྱོན་ངོས་ལེན་ཐུབ་ན་རབ་ཡིན།

    0606fztk_s.jpg

    བཅའ་ཁྲིམས་མདུན་དུ་ཚང་མ་འདྲ་མཉམ།

    ཉེ་ཆར་འཇོ་མདའ་རྫོང་མི་དམངས་ཁྲིམས་ཁང་གིས་ཞུ་གཏུག་ཕོག་ཡུལ་བསོད་ཆེ་གེ་མོས་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་གྱོད་གཞི་ཞིག་ཡོངས་བསྒྲགས་འདྲི་གཅོད་མཇུག་སྡོམ་བྱས་ནས་ཁྲིམས་བཞིན་ཞུ་གཏུག་ཕོག་ཡུལ་བསོད་ཆེ་གེ་མོས་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ནག་ཉེས་ལ་གཞིགས་ནས་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཟླ་དྲུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།

    འདྲི་རྩད་བྱས་པ་བརྒྱུད། 2015ལོར་ཞུ་གཏུག་ཕོག་ཡུལ་བསོད་ཆེ་གེ་མོས་ནོར་ཆེ་གེ་མོའི(བསོད་ཆེ་གེ་མོའི་ཞང་པོ་ཡིན་པ)ས་ནས་རང་གི་ཆུང་མ་ཟླ་ཆེ་གེ་མོ་དང་གནོད་འཚེ་ཕོག་ཡུལ་རིན་ཆེ་གེ་མོའི་དབར་ཚུལ་མིན་གྱི་འབྲེལ་བ་ཡོད་པ་ཤེས་ནས་སེམས་གཏིང་ནས་འཁོན་འཛིན་བཅངས་པ་རེད། 2015ལོའི་ཟླ་10ཚེས་13ཉིན་གྱི་ཐོ་རེངས་ཆུ་ཚོད་12ལ་ཞུ་གཏུག་ཕོག་ཡུལ་བསོད་ཆེ་གེ་མོས་མི་གཞན་དང་མཉམ་དུ་འཇོ་མདའ་རྫོང་འཛི་སྒར་ཤང་གི་གྲོང་ཚོ་ཞིག་གི་རིན་ཆེ་གེ་མོའི་ཁྱིམ་དུ་བསྐྱོད་ནས་སངས་ཆེ་གེ་མོ་དང་། ཚེ་ཆེ་གེ་མོ། རིན་ཆེ་གེ་མོ་བཅས་ལ་གྲི་བརྒྱབ་ནས་རྨས་སྐྱོན་བཏང་བ་དང་དེ་རྗེས་བྲོས་བྱོལ་དུ་ཕྱིན་པ་རེད། 2017ལོའི་ཟླ་4པའི་ཚེས་19ཉིན་ཞུ་གཏུག་ཕོག་ཡུལ་བསོད་ཆེ་གེ་མོས་འཇོ་མདའ་རྫོང་སྤྱི་བདེ་ཅུས་ལ་རང་ཉེས་ངོས་ལེན་ཞུས་རུང་ཉེས་གསོག་ངན་རོགས་གཞན་དག་གི་གནས་ཚུལ་དྲང་པོ་དྲང་གཞག་ཞུས་མེད་པ་རེད།

    ཁྲིམས་ཁང་གིས་འདྲི་ཞིབ་བྱས་ནས་ངོས་འཛིན་བྱས་དོན། ཞུ་གཏུག་ཕོག་ཡུལ་བསོད་ཆེ་གེ་མོས་བརྩེ་དུང་གི་གནད་དོན་རྐྱེན་པས་གྲི་འཁྱེར་ཏེ་གནོད་འཚེ་ཕོག་མཁན་གྱི་ཁྱིམ་དུ་ཤོར་བའི་ཁྲིམས་འགལ་གྱི་བྱེད་སྤྱོད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་སོ་བཞི་པའི་ནང་གསེས་དང་པོ་ལས་འགལ་ཡོད་པ་དང་ཉེས་གསོག་གི་དོན་དངོས་ཁ་གསལ་ཡོད་པ་དང་། དཔང་རྟགས་དངོས་ཡོད་དང་འདང་ངེས་ཡོད་པས་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ཉེས་གསོག་གི་མིང་ཐོག་ནས་དེའི་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས། འཇོ་མདའ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཉེས་བགྲང་ཞུ་གཏུག་བརྒྱབ་པའི་ཉེས་མིང་གཏན་འཁེལ་བྱུང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན། འཇོ་མདའ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་ཕོག་ཡུལ་བསོད་ཆེ་གེ་མོས་གྱོད་གཞི་ཐོན་ནས་ལོ་གཅིག་སོང་རྗེས་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུས་པ་དང་། གྱོད་དོན་སྙན་སེང་ཞུས་རྗེས་ཉེས་གསོག་ངན་རོགས་དྲང་པོ་དྲང་གཞག་ཞུས་མེད་པས་རང་ཉེས་ངོས་ལེན་ཞུས་པའི་ཁོངས་སུ་མི་གཏོགས་པས་འཇོ་མདའ་རྫོང་མི་དམངས་ཁྲིམས་ཁང་གིས་འཇོ་མདའ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་བསམ་འཆར་དང་ལེན་བྱས་པ་རེད། ཞུ་གཏུག་ཕོག་ཡུལ་བསོད་ཆེ་གེ་མོས་གྲི་འཁྱེར་ནས་གནོད་འཚེ་ཕོག་མཁན་རིན་ཆེ་གེ་མོའི་ཁྱིམ་དུ་ཤོར་བ་མ་ཟད། ད་དུང་གནོད་འཚེ་ཕོག་ཡུལ་སངས་ཆེ་གེ་མོར་རྨས་སྐྱོན་ཆུང་ཙམ་བཏང་བས་ཁྲིམས་ཁང་གིས་གནས་ཚུལ་ལ་བལྟས་ནས་བྱས་ཉེས་ཚད་འབེབས་བྱེད་སྐབས་ཁྲིམས་ཆད་ལྕི་པོ་བཅད་པ་དང་། ཞུ་གཏུག་ཕོག་ཡུལ་བསོད་ཆེ་གེ་མོས་ཁྲིམས་ར་འཚོགས་པའི་ཉིན་དེར་རང་མོས་ངང་ངོས་ལེན་ཞུས་པས་བྱས་ཉེས་ཚད་འབེབས་བྱེད་སྐབས་གནས་ཚུལ་ལ་བལྟས་ནས་ཆད་པ་ཡང་པོ་བཅད་ཡོད་པ་རེད། གོང་དུ་བརྗོད་པ་བཞིན་ཁྲིམས་བཞིན་ཞུ་གཏུག་ཕོག་ཡུལ་བསོད་ཆེ་གེ་མོས་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ཉེས་པ་བསགས་པའི་དབང་གིས་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཟླ་དྲུག་གི་ཁྲིམས་ཆད་བཅད་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།