[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྒོར་ཁྲི་5རི་བའི་གཟི་བརླགས་པས་ཁ་ལོ་བས་འཚོལ་རོགས་བྱས་པ།

    ཟླ་4པ་ནས་བཟུང་ལྷ་ས་བདལ་གཏོང་རླངས་འཁོར་གྱི་བརླགས་དངོས་ལེན་ས་ལྟེ་གནས་ཀྱིས་བརླགས་དངོས་313འཚོལ་རོགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    འདི་ལོའི་ཟླ་4པར་ལྷ་ས་བདལ་གཏོང་རླངས་འཁོར་ཀུང་སི་བརླགས་དངོས་ལེན་སའི་ལྟེ་གནས་ཀྱི་ལས་དོན་པས་བརླགས་དངོས་153འཚོལ་རོགས་བྱས་པ་དང་གློག་མིག་ལ་ཐེངས་113ལྟ་རོགས་བྱས་པ་རེད། ཟླ་5པར་བརླགས་དངོས་ལེན་སའི་ལྟེ་གནས་ཀྱི་ལས་དོན་པས་བརླགས་དངོས་160འཚོལ་རོགས་བྱས་པ་དང་གློག་མིག་ལ་ཐེངས་57ལྟ་རོགས་བྱས་པ་རེད། བརླགས་དངོས་མང་ཆེ་བ་ལག་ཐོགས་ཁ་པར་དང་། ལག་ཁྱེར་སྣ་ཚོགས། ལག་སྒམ། དངུལ་ཁུག་སོགས་དང་ད་དུང་གསེར་གདུབ་དང་། ཕ་ལམ་གྱི་སོར་གདུབ། གྱོན་གོས་སོགས་ཡིན་པ་རེད།

    ཟླ་5ཚེས་27ཉིན། འགྲུལ་པ་ཞིག་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སི་དང་ཧེང་ཨན་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིས་མཉམ་དུ་བཙུགས་པའི་བརླགས་དངོས་ལེན་ས་ལྟེ་གནས་སུ་ཡོང་སྟེ། ལས་དོན་པར་ཉིན་དེའི་ཕྱི་དྲོའི་ཆུ་ཚོད་3པར་རང་ཉིད་ཀྱིས་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་སྒོར་ཁྲི་5རི་བའི་གཟི་ཞིག་བདལ་གཏོང་རླངས་འཁོར་ནང་ལུས་འདུག་པས་ལས་དོན་པས་འཚོལ་རོགས་བྱེད་པའི་རེ་བ་བཏོན།

    འགྲུལ་པ་དེས་མཁོ་འདོན་བྱས་པའི་རླངས་འཁོར་འཛེག་བབས་ཀྱི་དུས་ཚོད་དང་། ས་གནས། འགྲོ་སྐྱོད་ལམ་ཐིག་སོགས་ཀྱི་ཆ་འཕྲིན་བརྒྱུད། བརླགས་དངོས་ལེན་ས་ལྟེ་གནས་ཀྱི་ལས་དོན་པས་GPSམ་ལག་སྤྱད་དེ་རླངས་འཁོར་ལ་གྲལ་བཤེར་བྱས། དེ་རྗེས་རླངས་འཁོར་འཕྲལ་མར་གཏན་འཁེལ་བྱུང་ནས་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་ཡོན་ཏན་དང་འབྲེལ་བ་བྱས། གནས་ཚུལ་དེ་ཤེས་རྗེས་ཡོན་ཏན་གྱིས་འཕྲལ་མར་རླངས་འཁོར་ནང་བཙལ་བས་གཟི་རྙེད། ཡོན་ཏན་གྱིས“གཟི་ཆུང་ཆུང་ཡིན་པས་རྐུབ་བཀྱག་གི་དབྲག་ཏུ་ཟགས་འདུག སྟབས་ལེགས་པ་ཞིག་ལ་འགྲུལ་པ་གཞན་ལ་རྙེད་མི་འདུག”ཅེས་བཤད།

    ཟླ་5ཚེས་27ཉིན་གྱི་དགོང་མོ་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་ཝང་ཅིང་ལུང་གིས་ལྷ་ཀླུ་ཟམ་པ་ནས་འགྲུལ་པ་ཞིག་བླུགས་ཏེ་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཉེ་འགྲམ་དུ་བསྐྱལ་སྐབས་འགྲུལ་པས་ཐད་ཀར་རླངས་འཁོར་ནས་བབས་ཏེ་ཁྱིམ་དུ་སླེབས་རྗེས་གཞི་ནས་རང་ཉིད་ཀྱི་སྒོར་ཁྲི་2རི་བའི་ཐང་ག་བདལ་གཏོང་རླངས་འཁོར་ནང་ལུས་པ་ཤེས།

    ཉིན་གཉིས་པར་འགྲུལ་པ་དེ་བརླགས་དངོས་ལེན་ས་ལྟེ་གནས་སུ་རོགས་པ་བྱ་རྒྱུའི་རེ་བ་འདོན་པར་ཡོང་། ཧང་སངས་དགོས་པ་ཞིག་ལ་རང་ཉིད་ཀྱི་ཐང་ག་དེ་ཝང་ཅིང་ལུང་གིས་བརླགས་དངོས་ལེན་ས་ལྟེ་གནས་སུ་བསྐྱལ་ཟིན་ཡོད་པ་རེད། ཐང་ག་བླངས་རྗེས་འགྲུལ་པ་དེས་ཝང་ཅིང་ལུང་ལ་ཐུགས་རྗེ་ཆེ་ཡང་ཡང་ཞུས།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་4པར་ལྷ་ས་བདལ་གཏོང་རླངས་འཁོར་གྱི་བརླགས་དངོས་ལེན་ས་ལྟེ་གནས་ཀྱི་ལས་དོན་པས་བརླགས་དངོས་153འཚོལ་རོགས་བྱས་པ་དང་གློག་མིག་ལ་ཐེངས་113ལྟ་རོགས་བྱས་པ་རེད། ཟླ་5པར་བརླགས་དངོས་ལེན་སའི་ལྟེ་གནས་ཀྱི་ལས་དོན་པས་བརླགས་དངོས་160འཚོལ་རོགས་བྱས་པ་དང་གློག་མིག་ལ་ཐེངས་57ལྟ་རོགས་བྱས་པ་རེད། “བརླགས་དངོས་མང་ཆེ་བ་ལག་ཐོགས་ཁ་པར་དང་། ལག་ཁྱེར་སྣ་ཚོགས། ལམ་ཆས་སྒམ། དངུལ་ཁུག་སོགས་དང་ད་དུང་གསེར་གདུབ་དང་། ཕ་ལམ་གྱི་སོར་གདུབ། གྱོན་གོས” སོགས་རེད་ཅེས་བརླགས་དངོས་ལེན་ས་ལྟེ་གནས་ཀྱི་ལས་དོན་པས་བཤད།

    ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིའི་ཁེ་ལས་ཀྱི་ཆ་འཕྲིན་དྲིལ་བསྒྲགས་ཀྱི་འགན་འཁུར་བ་སྤེན་ཚེས། ཟླ་བཞི་པ་དང་ལྔ་པར་ལྷ་ས་གྲོང་ཁྱེར་གྱི་བདལ་གཏོང་རླངས་འཁོར་ཀུང་སི་གཉིས་ཀྱིས་སྐད་འཕྲིན་གྱི་སྤྱི་རྟགས“ལྷ་ས་བདལ་གཏོང་རླངས་འཁོར”ཞེས་པར་འགྲུལ་པའི་བརླགས་དངོས་ཆ་འཕྲིན་ཁག་72འབྱོར་བར་48བདེ་བླག་ངང་རྙེད་ཡོད་པ་རེད། ཁག་གཅིག་མ་རྙེད་པའི་རྒྱུ་རྐྱེན་ནི་འགྲུལ་པས་མཁོ་འདོན་བྱས་པའི་རླངས་འཁོར་འཛེག་བབས་ཀྱི་དུས་ཚོད་དང་ས་གནས་ཀྱི་ཆ་འཕྲིན་ཡང་དག་མེད་པ་ལས་རླངས་འཁོར་གནད་འཁེལ་ངང་གྲལ་བཤེར་མི་ཐུབ་པ་དང་། འགྲུལ་པས་བདལ་གཏོང་རླངས་འཁོར་ནང་བརླགས་མིན་གསལ་པོ་མ་ངེས་པ། འགྲུལ་པས་བདལ་གཏོང་རླངས་འཁོར་ནང་བརླགས་པའི་དངོས་པོ་རྗེས་ཀྱི་འགྲུལ་པར་རྙེད་པ་སོགས་ཚུད་ཡོད་ཅེས་ངོ་སྤྲོད་བྱས།

    སྤེན་ཚེས“སྤྱི་རྟགས་ཐོག་ཞུ་གཏུག་དང་བརླགས་དངོས་ལེན་པའི་ཆེད་སྒྲོམ་བཟོས་ཡོད་པས་འགྲུལ་པར་ཁ་ལོ་བའི་ཞབས་ཞུའི་རྣམ་འགྱུར་ཡག་པོ་མེད་པའམ་ཡང་ན་དངོས་པོ་བརླགས་པ་སོགས་ཀྱི་གནས་ཚུལ་འཕྲད་ཚེ་དྲ་ཐོག་ནས་ཞུ་ཆོག་པས་འགྲུལ་པ་བརླགས་དངོས་ལེན་ས་ལྟེ་གནས་སུ་འགྲོ་སྐྱོད་ཀྱི་དུས་ཚོད་གྲོན་ཆུང་ཐུབ་པ་མ་ཟད་སྟབས་བདེ་ལ་ནུས་པ་ཆེ་བ་ཞིག་ཡོད”ཅེས་བཤད།

    liy96193.jpg

     འདི་ནི་འགྲུལ་པར་བོར་བརླག་སོང་བའི་གཟི་རྙེད་རྗེས་དགའ་སྤྲོའི་འཛུམ་མདངས་མངོན་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།