[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བོད་ལྗོངས་ཀྱི་ནག་ཚོགས་དང་འབྲེལ་བའི་གྱོད་གཞི་ཐོག་མའི་འདྲི་གཅོད་དང་པོའི་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་པ།

    ཞུ་སྦྱོར་ཕྱི་མ་12ཚང་མར་ཁྲིམས་ཆད་ཕོག་པ་དང་ཉེས་ཅན་པ་གཙོ་བོ་བཀྲ་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་7དང་ཟླ་བ་3གྱི་ཁྲིམས་ཆད་ཕོག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-02

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་གཞུང་གཏུག་བརྒྱབ་པའི་ལྗོངས་ཡོངས་ཀྱི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཐོག་མའི་འདྲི་གཅོད་དང་པོ། ལྷ་ས་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་ཁྲུན་ཐག་བཅད་པ་དང་། ཞུ་སྦྱོར་ཕྱི་མ་12ཚང་མར་ཁྲིམས་ཆད་ཕོག་པ་རེད། ཉེས་ཅན་གཏེ་པོ་བཀྲ་ཆེ་གེ་མོས་ནག་ཚོགས་ཀྱི་ངོ་བོའི་རྩ་འཛུགས་སྒྲིག་འཛུགས་དང་འགོ་ཁྲིད་བྱས་པ་དང་། མི་གཞན་ལ་རྐང་བཙུགས་ནས་གནོད་འཚེ་བཏང་བས་དུས་བཀག་བཙོན་འཇུག་ལོ་བདུན་དང་ཟླ་གསུམ་བྱས་པ་དང་། ཆབ་སྲིད་ཀྱི་དབང་ཆ་ལོ་2འཕྲོག་པ་མ་ཟད། སྒེར་གྱི་རྒྱུ་ནོར་སྒོར་ཁྲི་7གཞུང་བཞེས་བཏང་བ་རེད། སྤེན་ཆེ་གེ་མོ་དང་ཕུར་ཆེ་གེ་མོས་ནག་ཚོགས་ཀྱི་ངོ་བོའི་རྩ་འཛུགས་རྒྱ་ཡན་དུ་བཏང་བས། སོ་སོར་དུས་བཀག་བཙོན་འཇུག་ལོ་གཉིས་དང་ལོ་གཅིག་བྱས་ཡོད་ལ། དེ་མིན་གྱི་རྩ་འཛུགས་ཁོངས་མི་9ལ་ལོ་བཞི་ནས་ལོ་གསུམ་བར་གྱི་དུས་བཀག་བཙོན་འཇུག་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གོང་དཀར་གནམ་ཐང་ནས་ལྷ་ས་དང་། ལྷོ་ཁ། གཞིས་རྩེ་སོགས་བར་གྱི་མོ་ཊ་ཆུང་གྲས་ཀྱི་འགྲུལ་སྐྱེལ་ལས་སྒོ་སྒེར་སྡོམ་བྱ་ཆེད། 2009ལོ་ནས་བཟུང་། བཀྲ་ཆེ་གེ་མོས་གཙོས་པའི་ནག་ཚོགས་ཀྱིས་གོང་དཀར་གནམ་ཐང་དུ་མི་གཞན་ལ་རྐང་བཙུགས་ནས་གནོད་འཚེ་བཏང་བ་དང་། ལག་ཁྱེར་མེད་པའི་མོ་ཊ་སྒྲིག་འཛུགས་བྱས་ནས་སྐྱེལ་འདྲེན་བྱེད་པ། འགྲུལ་པ་བཙན་ཤེད་ཀྱིས་བླུག་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཐེངས་མང་སྤེལ་ཞིང་། སྤྱི་ཚོགས་དང་དཔལ་འབྱོར་གྱི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་དང་གནོད་འཚེ་ཅུང་ཆེ་ཙམ་བཟོས་ཡོད་པ་རེད།

    སྒྲིག་འཛུགས་ནན་པོ་དང་ལས་བགོས་ཁ་གསལ་བརྒྱབ་ནས། ཁྲིམས་འགལ་ངང་རྒྱུ་ནོར་སྒོར་ཁྲི་100ལྷག་བསྡུ་ལེན་བྱས་པ།

    ནག་ཚོགས་འདིའི་སྒྲིག་འཛུགས་ཚགས་དམ་པ་དང་། སྒྲིག་ལམ་ནན་པ། ལས་བགོས་ཁ་གསལ་བཅས་ཡོད། ཉིན་ལྟར་བཀྲ་ཆེ་གེ་མོས་ལས་ཐོ་བརྒྱབ་པ་མ་ཟད། ལས་ཀའི་དུས་ཚོད་ཀྱང་གཏན་འཁེལ་བྱས་ནས། འཇིགས་སྐུལ་གཏུམ་སྤྱོད་སོགས་ཀྱི་བྱ་ཐབས་སྤྱད་དེ། བཙན་ཤེད་ཀྱིས་འགྲུལ་པ་ཁྲིད་ཀྱི་ཡོད། གཉེར་སྐྱོང་ཁ་ལོ་བའི་ས་ནས་མི་རེ་རེའམ་ཡང་ན་རླངས་འཁོར་རེ་རེ་ནས་སྒོར་30ནས་150བར་གྱི་ཁེ་བཟང་འཐེན་རྗེས། ཉིན་རེར་སྒོར་200ཡི་ཚད་གཞི་ལྟར་རྩ་འཛུགས་ཀྱི་ཁོངས་མིར་གླ་ཆ་སྤྲོད་ཀྱི་ཡོད། ཁྲིམས་འགལ་དངུལ་ཁྱོན་སྒོར་ཁྲི་100ཙམ་བླངས་ཡོད་པ་རེད། གྱོད་གཞི་འདིའི་སྒྲུབ་འགན་འཁུར་མཁན་ཞིབ་དཔྱོད་དཔོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཚོགས་པ་འདིའི་ཁོངས་མི་འགས་འགྲུལ་པ་ཁྲིད་ཡོང་བའི་འགན་འཁུར་གྱི་ཡོད། ད་དུང་མི་ཁ་ཤས་ཀྱིས་སྒྲིག་ལམ་སྲུང་བ་དང་གྲོན་དངུལ་མ་སྤྲད་པའི་མོ་ཊ་གཞན་གྱིས་འགྲུལ་པ་ཁྲིད་འགྲོ་བར་བཀག་འགོག་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག ཁོང་ཚོས་གཟའ་ཉི་མར་ཁོངས་མི་དང་གཉེར་སྐྱོང་ལག་ཁྱེར་མེད་པའི་ཁ་ལོ་བ་སྒྲིག་འཛུགས་བྱས་ནས། སྒོར་100སྤྲད་དེ་བཀྲ་ཆེ་གེ་མོས་གཉེར་སྐྱོང་བྱས་པའི་ཀརྨ་གླིང་ཁར་འདུ་འཛོམས་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། གཉེར་སྐྱོང་ལག་ཁྱེར་མེད་པའི་ཁ་ལོ་བས་འདུ་འཛོམས་ལ་ཞུགས་ཡོད་མེད་ལ་མ་བལྟོས་པར་དངུལ་སྤྲོད་དགོས་ཀྱི་ཡོད། དེ་ལྟར་མ་བྱས་ཚེ་མོ་ཊ་གཏོང་དུ་འཇུག་གི་མེད། ད་དུང་གཉེར་སྐྱོང་ལག་ཁྱེར་མེད་པའི་ཁ་ལོ་བས་ཟླ་རེར་མོ་ཊ་འཇོག་གླ་སྒོར་100སྤྲོད་དགོས་པའི་གཏན་འབེབས་བྱས་ཤིང་། ཉེས་ཅན་གཏེ་པོ་བཀྲ་ཆེ་གེ་མོས་ཁོ་ཚོར་ཟླ་བ་གཅིག་གི་མོ་ཊ་འཇོག་གླའི་གཱ་གཅིག་གྱུར་བཟོ་ཡི་ཡོད་པ་མ་ཟད། ཏག་སེ་སྤྲོད་པའི་ཐབས་ལ་བརྟེན་ནས་མོ་ཊར་གོ་རིམ་བཟོ་གི་ཡོད།

    གཏུམ་སྤྱོད་བྱེད་སྤྱོད་ཐེངས་མང་སྤེལ་བ།

    ཞིབ་བཤེར་བྱས་པ་བརྒྱུད། ནག་ཚོགས་འདིས་2009ལོ་ནས་2017ལོ་བར། འགྲུལ་པ་འཕྲོག་རེས་བྱས་པའི་རྐྱེན་གྱིས་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་གྱི་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་དང་རྩོད་པ་ཐེངས་མང་ཤོར་བ་མ་ཟད། མི་མང་པོ་འདུ་འཛོམས་བྱས་ནས་ཟིང་ཆ་སློང་བ་དང་། འཕྱ་སྨོད་དང་འཇིགས་སྐུལ། ཐ་ན་ཉེས་རྡུང་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ། སྔ་རྗེས་སུ་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་26གྱི་མི་ལུས་ལ་གནོད་འཚེ་བཏང་སྟེ། གནམ་ཐང་དུ་རྒྱུན་གཏན་ལྟར་གཉེར་སྐྱོང་བྱེད་ཐབས་བྲལ་བས། འགྲུལ་ཁུངས་སྒེར་སྡེམ་དང་ཕྱོགས་གཅིག་བཙན་བཟུང་བྱེད་པའི་དམིགས་ཡུལ་གྲུབ་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།