[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཡིད་གཟབ་མ་བྱས་ཆུ་ལ་ལྷུངས། ཨ་ཁུ་དམག་མིས་ཚེ་སྲོག་བསྐྱབས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-02

    “གལ་ཏེ་ཁོང་ཚོ་མེད་ན་ང་ཤི་རྒྱུ་རེད། དེར་བརྟེན། ངས་ཁོང་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན་ལ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་ངའི་མེས་རྒྱལ་གྱིས་ང་ལ་ཚེ་སྲོག་གཉིས་པ་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན” འདི་ནི་བོད་ལྗོངས་སློབ་ཆེན་རང་བྱུང་རིག་པའི་སློབ་གླིང་གི་སློབ་མ་ཅིན་ཧའེ་ཆུན་གྱིས་བོད་དམག་ཁུལ་ཁང་གི་དཔུང་སྡེ་ག་གེ་མོར་བྲིས་པའི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེའི་ནང་དོན་རེད། ཟླ་6ཚེས་24ཉིན་གྱི་ཕྱི་དྲོར། ཅིན་ཧའེ་ཆུན་དང་ཁོ་པའི་དགེ་རྒན་གྱིས“དྲིན་ཅན”ལ་གོས་དར་ཕུལ་པ་རེད།

    ཛ་དྲག་གི་དུས་སུ་དམག་མིའི་རླངས་འཁོར་བཀག་པ།

    ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་དང་གོས་དར་བསྐྱལ་བའི་སྐོར། ཟླ་6ཚེས་16ཉིན་ཅིན་ཧའེ་ཆུན་ཕྱི་རོལ་དུ་ཚོད་ལྟའི་གྲངས་གཞི་འཚོལ་བསྡུ་བྱེད་སྐབས་གཟབ་གཟབ་མ་བྱས་པས་ཆུ་ལ་ལྷུངས་པ་ནས་བརྗོད་དགོས། ཤེས་རྟོགས་བྱུང་བར་གཞིགས་ན། གནས་ཚུལ་ཐོན་ཡུལ་ནི་ས་བབ་མཐོ་ཚད་སྨི་4600ཡི་སར་ཡིན་པ་རེད།

    ཉིན་དེར་ཅིན་ཧའེ་ཆུན་དང་རོགས་པ་ཀྲང་གོ་ཆིང་ཡངས་པ་ཅན་རྒྱ་རྡོ་གྲོང་ཚོའི་ཆུ་ཚན་ཡོད་སར་མ་དཔེ་འཚོལ་བར་བསྐྱོད། མ་དཔེ་འཚོལ་ས་ཆུ་བོའི་ཕ་རོལ་དུ་ཡིན་པ་དང་ཆུ་ལས་སྒྲོལ་ཐབས་གཞན་མེད་པས་ཁོང་གཉིས་ཀྱིས་ཆུ་བརྒལ་རྒྱུའི་ཐག་བཅད། ཅིན་ཧའེ་ཆུན་གྱིས“ད་ལྟ་ཆུ་ཁ་རྒྱས་པའི་དུས་ཡིན་པ་དང་རང་ཉིད་ལ་ཉམས་མྱོང་མེད་སྟབས་གཟབ་གཟབ་མ་བྱས་པས་བརྡབ་ནས་ཆུར་ལྷུངས་ཏེ་སྤྱི་ལེ་གཅིག་ཙམ་ཁྱེར་བྱུང”ཞེས་བཤད། དེའི་རིང་ཁོང་གིས་ཆུ་ལས་ཐར་ཐབས་བྱས་ཀྱང་ཕན་འབྲས་བྱུང་མེད། སྐབས་དེ་དུས་ཀྲང་གོ་ཆིང་ཡང་རང་ཉིད་ཀྱི་བདེ་འཇགས་ལ་བསམ་བློ་གཏོང་ཁོམ་མ་བྱུང་བར་ཆུར་མཆོངས་པ་རེད། འོན་ཀྱང་། ཆུ་ཤུགས་ཆེ་བ་མ་ཟད། ཆུ་གྲང་ཐག་ཆོད་དེ་རུས་པར་ན་ཟུག་གཏོང་གི་ཡོད་པས་རྐང་པའི་ཚོར་བ་ཉམས་ནས་རྨས་སྐྱོན་ཕོག འུ་ཐུག་ཐབས་ཟད་ཀྱི་སྐབས་སུ་ཁོང་གིས་ལམ་ཟུར་དུ་མི་སྐད་བཏང་བར་ཕྱིན།

    སྐབས་དེར། ཀྲང་གོ་ཆིང་གིས་དམག་མིའི་རླངས་འཁོར་ཞིག་མཐོང་བས་ཐད་ཀར་རླངས་འཁོར་གྱི་མདུན་དུ་བསྐྱོད་པ་རེད། “རེ་བ་འདུག དམག་མིའི་རླངས་འཁོར་གྱིས་ཁ་བཀག་ངེས་རེད”སྙམ་བྱུང་ཞེས་བཤད། དམག་ཆས་གྱོན་པའི་དཔོན་དམག་གཉིས་རླངས་འཁོར་ནས་བབས་ཏེ་གནས་ཚུལ་གང་ཞིག་ཐོན་མིན་སྐད་ཆ་དྲིས་པ་རེད། ཁོང་ཚོ་ནི་བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་དཔོན་དམག་ཀྲུའུ་ཅང་དང་ལི་ཤིན་པོ་ཡིན་པ་དང་། ཆུ་ལེན་ནས་སྦྱོང་བརྡར་ས་ཚིགས་སུ་ལོག་མཁན་ཡིན་པ་རེད།

    དམག་དམངས་བརྩེ་བ་ཉ་ཆུ་བཞིན་ཟབ།

    ཀྲུའུ་ཅང་གིས་ཆུར་ལྷུང་མཁན་རྙེད་ཆེད་ཆུ་འགྲམ་དུ་ཡར་མར་རྒྱུག་པ་རེད། ཀྲུའུ་ཅང་གིས“ནག་པོ་ཞིག་མཐོང་བྱུང་བས་ཆུར་ལྷུང་མཁན་དེ་རེད་སྙམ་བྱུང་། སྟབས་ལེགས་པ་ཞིག་ལ་ཅིན་ཧའེ་ཆུན་རྡོ་ཆེན་པོ་གཉིས་ལ་ཁར་འདུག”ཅེས་བཤད།

    ཅིན་ཧའེ་ཆུན་རྙེད་རྗེས་ཀྲུའུ་ཅང་གིས་མགྱོགས་པོ་ཆུར་མཆོངས་པ་དང་སྐབས་དེ་དུས་ཆུ་ཁ་ཁོང་གི་བྲང་ཁོག་བར་སླེབས་ཀྱི་ཡོད། ཁོང་གིས་ལམ་སེང་ཅིན་ཧའེ་ཆུན་དཔུང་པར་ཁྱེར། ཆུ་གྲང་ཐག་ཆོད་པས་རྐང་པའི་ཚོར་བ་སྔ་ས་ནས་ཉམས་པའི་ཁར། གང་སར་ཕར་རྒྱུག་ཚུར་རྒྱུག་བྱས་སྟབས་གཟུགས་པོ་ཐང་ཆད་ཡོད་པ་རེད།

    ཆུར་ལྷུངས་ས་ནས་ཆུ་ངོགས་བར་སྨི་5རང་ལ་མེད་མོད། འོན་ཀྱང་ཆུ་ཤུགས་ཤིན་ཏུ་ཆེ་བས་གོམ་པ་གང་སྤོ་རྒྱུ་ཡང་དཀའ་ལས་ཁག་པོར་གྱུར།

    སྟབས་ལེགས་པ་ཞིག་ལ་ཁ་ལོ་བ་ལི་ཤིན་པོའང་དེ་གར་སླེབས་པ་དང་། ཁོང་གཉིས་ཀྱི་ཕྱར་བ་གྲུ་འདེགས་འོག་གཟུགས་པོ་ཐང་ཆད་པའི་ཅིན་ཧའེ་ཆུན་རླངས་འཁོར་དུ་བླུགས་པ་མ་ཟད། ཁོང་ལ་སྲིང་བལ་གྱི་གྱོན་གོས་མཐུག་པོ་ཞིག་གཡོགས་ནས་ཉེ་འགྲམ་གྱི་ཤང་སྨན་ཁང་དུ་མགྱོགས་པོ་བསྐྱལ་པ་རེད།

    དེའི་རིང་ཁོང་གཉིས་ཀྱིས་ཆུར་ལྷུངས་བའི་བུ་མོ་དེར་གྱོན་གོས་དང་ཁ་ལག་ཉོས་པ་རེད། སྨན་པས་ཆུར་ལྷུངས་བའི་བུ་མོ་དེའི་སྲོག་ལ་ཉེན་ཁ་མེད་པ་བཤད་རྗེས་ཁོང་གཉིས་གཞི་ནས་ལོག་ཕྱིན་པ་རེད། ཁོང་གཉིས་ཀྱིས་འཚེར་སྣང་ངང“དེ་དག་ཚང་མ་ཚར་རྗེས་གཞི་ནས་གོང་རིམ་ལ་སྙན་སེང་ཞུ་རྒྱུའི་བསམ་བློ་འཁོར་བྱུང”ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།