[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ATMའཕྲུལ་ཆས་གཅོག་མཁན་གྱི་མི་ལྔ་བཟུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-16

    ཟླ་6ཚེས་26ཉིན་གྱི་ཐོ་རེངས་ཆུ་ཚོད་བཞི་པ་ཙམ་ལ་སྐྱིད་རས་མངགས་གཏོང་ཁང་དུ་ཅང་སུའུ་ཤར་ལམ་གྱི་དངུལ་ཁང་ཞིག་གི་ATMའཕྲུལ་ཆས་བཅག་འདུག་ཅེས་གྲོང་མི་ཞིག་གི་སྙན་སེང་འབྱོར་བ་རེད། སྙན་སེང་འབྱོར་མ་ཐག་སྐྱིད་རས་མངགས་གཏོང་ཁང་གིས་འཕྲལ་མར་ས་གནས་ས་ཐོག་ཏུ་བསྐྱོད་པ་དང་འབྲེལ་རང་ས་ནས་ཉེས་གསོག་དོགས་ཅན་5བཟུང་བ་རེད། འདྲི་རྩད་བྱས་པ་བརྒྱུད། བློ་ཆེ་གེ་མོ་དང་། ཉི་ཆེ་གེ་མོ། བཀྲ་ཆེ་གེ་མོ། བཟང་ཆེ་གེ་མོ། དབྱང་ཆེ་གེ་མོ་བཅས་མི་ལྔས་ཅང་སུའུ་ཤར་ལམ་གྱི་ATMའཕྲུལ་ཆས་ཤིག་བཅག་པའི་ཉེས་གསོག་དོན་དངོས་ངོས་ལེན་ཞུས་པ་རེད།

    གྱོད་སྒྲུབ་ཉེན་རྟོག་པས་འདྲི་རྩད་མཐའ་གསལ་བྱས་པ་བརྒྱུད། མི་ལྔ་པོས་ཟླ་6ཚེས་23ཉིན་གྱི་མཚན་མོ་མཁའ་འགྲུལ་ཁུལ་གསར་གྱི་ལས་གྲྭ་ཞིག་གི་ཁ་སྤྲོད་ནས་ཁྲང་ཨན་རྟགས་ཅན་གྱི་རླངས་འཁོར་ཞིག་བརྐུས་པ་མ་ཟད། ད་དུང་ཉེ་འཁོར་གྱི་ལས་ཡུལ་ནས་ལས་ཁྲི་གཅིག་ཀྱང་བརྐུས་ཤིང་། རླངས་འཁོར་བཏང་སྟེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཙང་བྲན་ལམ་གྱི་ཉེ་འཁོར་དུ་བསྐྱོད་ནས་བརྐུས་དངོས་སྒོར་2500བྱས་ནས་བཙོངས་པ་དང་། ད་ལྟ་བཙོག་དངུལ་ཁག་གཅིག་བག་མེད་ལོངས་སྤྱོད་ཟིན་པ་ཤེས་རྟོགས་བྱུང་བ་རེད།

    ཉེན་རྟོག་པར་རང་ས་ནས་ཁྲང་ཨན་རྟགས་ཅན་གྱི་རླངས་འཁོར་གཅིག་དང་། ལག་ཆ་བླུགས་སྒམ་གཅིག འདེགས་ཆས་གཅིག(སྐྱོན་ཤོར་བ) ལྕགས་ཧྲེང་གཅིག དངུལ་སྨར་སྒོར་637བཅས་རྩད་གཅོད་ཐུབ་ཡོད། མིག་སྔར། སྐྱིད་རས་མངགས་གཏོང་ཁང་གི་ཉེན་རྟོག་པས་མི་ལྔ་པོ་དང་། ལུས་པོའི་ཐོག་གི་དངོས་རྫས། དེ་བཞིན་ཁྲང་ཨན་རྟགས་ཅན་གྱི་རླངས་འཁོར་བཅས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་ལྔ་པར་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།

    《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་བདུན་ཅུ་དོན་ལྔའི་ནང་གཞུང་དང་སྒེར་གྱི་རྒྱུ་དངོས་ལ་རྐང་བཙུགས་ནས་གཏོར་བཤིག་བཏང་བ་དང་། གྲངས་འབོར་མང་བའམ་གནས་ཚུལ་ཚབས་ཆེན་གཞན་དག་ཡོད་པའི་རིགས་ལ་ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་དང་། བཙན་ཉར་རམ་ཡང་ན་དངུལ་ཆད་གཏོང་རྒྱུ་དང་། གྲངས་འབོར་ཤིན་ཏུ་མང་བའམ་ཡང་ན་དམིགས་བསལ་གྱི་གནས་ཚུལ་ཚབས་ཆེན་གཞན་དག་ཡོད་རིགས་ལ་ལོ་གསུམ་ཡན་ནས་ལོ་བདུན་མན་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུའི་གཏན་འབེབས་བྱས་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།