[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བརྟག་དཔྱད་ལ་གཞོགས་འདེགས་མ་བྱས་པར་ད་དུང་གྱོད་སྒྲུབ་མི་དམངས་ཉེན་རྟོག་པར་དམའ་འབེབས་དང་ཉེས་རྡུང་བཏང་བས།

    ལྷུན་གྲུབ་རྫོང་ཉེན་རྟོག་ཕྱོགས་ཀྱིས་ཉེས་གསོག་དོགས་ཅན་བདུན་ཉེས་དོན་བཀག་ཉར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-16

    2019ལོའི་ཟླ་2པར་སྤྱི་བདེ་པུས་ཡོངས་བསྒྲགས་དང་ལག་བསྟར་བྱས་པའི《སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་ཉེན་རྟོག་པའི་ཁྲིམས་འཛིན་དབང་གྲགས་སྲུང་སྐྱོང་བྱེད་པའི་ལས་དོན་སྐོར་གྱི་གཏན་འབེབས》ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དབང་སྲུང་གཞུང་ལས་ཁང་གིས་ཁྲིམས་འཛིན་དབང་གྲགས་དང་མི་དམངས་ཉེན་རྟོག་པའི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རིང་། དབང་སྲུང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། མི་དམངས་ཉེན་རྟོག་པའི་ཁྲིམས་འཛིན་ལ་འགོག་རྐྱེན་བཟོ་བ་དང་། དྲག་ཤུགས་ལ་བརྟེན་ནས་ཁྲིམས་འཛིན་བཀག་འགོག་བྱེད་པ། མི་དམངས་ཉེན་རྟོག་པར་དམའ་འབེབས་དང་སྙོན་འཛུགས་བྱེད་པ་སོགས་མི་དམངས་ཉེན་རྟོག་པའི་ལུགས་མཐུན་གྱི་ཁྲིམས་འཛིན་ཁེ་དབང་ལ་གནོད་འཚེ་གཏོང་བའི་གྱོད་གཞིར་རྡུང་རྡེག་ནན་པོ་བཏང་ནས་མི་དམངས་ཉེན་རྟོག་པའི་ཚུལ་མཐུན་གྱི་ཁྲིམས་འཛིན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད།

    liy97186_s.jpg

    1.གྱོད་གཞི་ངོ་སྤྲོད།

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་གཞུང་དོན་ལ་འགོག་རྐྱེན་བཟོས་པའི་གྱོད་གཞི་ཞིག་ཐག་གཅོད་བྱས་ཤིང་། ཉེས་གསོག་དོགས་ཅན་7གྱིས་མི་དམངས་ཉེན་རྟོག་པའི་ལས་དོན་ལ་གཞོགས་འདེགས་གཏན་ནས་མ་བྱས་པ་མ་ཟད། ད་དུང་མི་དམངས་ཉེན་རྟོག་པ་3ལ་དམའ་འབེབས་དང་། ཁ་རུབ་བརྒྱབ་པ། ཉེས་རྡུང་བཏང་བ་བཅས་བྱས་པས་མཐར་ཉེས་ཅན་པ་7ལ་བཅའ་ཁྲིམས་ཀྱི་ཆད་པ་ནན་པོ་བཅད་པ་རེད།

    ཟླ་5ཚེས་18ཉིན་གྱི་ཆུ་ཚོད་13ཙམ་ལ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་3གྱོད་སྒྲུབ་ཀྱི་དགོས་མཁོ་ལྟར་ལྷ་ས་གྲོང་ཁྱེར་ཆུ་མིག་ལམ་གྱི་མགྲོན་ཁང་ག་གེ་མོ་ཞིག་ཏུ་ཞག་སྡོད་ཀྱི་ཟིན་ཐོ་དང་དེ་བཞིན་གློག་མིག་གི་ཟིན་ཐོ་ལེན་པར་སྐྱོད་སྐབས་མགྲོན་ཁང་དེའི་ལས་དོན་མི་སྣས་ཞག་སྡོད་མི་སྣར་གཏན་འབེབས་ལྟར་རང་མིང་འགོད་ལམ་གཞིར་བཟུང་ཐོ་འགོད་བྱས་མེད་པ་རེད། དེར་བརྟེན་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཁ་ཐོག་ནས་མགྲོན་ཁང་གི་སྦྱིན་བདག་ཡའོ་ཆེ་གེ་མོ་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ཏུ་བརྟག་དཔྱད་བྱེད་པར་ཡོང་དགོས་པའི་འབོད་འགུག་བྱས་པ་རེད། འོན་ཀྱང་། ཡའོ་ཆེ་གེ་མོས་མི་དམངས་ཉེན་རྟོག་པའི་ཁྲིམས་འཛིན་ལ་གཞོགས་འདེགས་རྩ་བ་ནས་མ་བྱས་པ་མ་ཟད། ད་དུང་མི་དམངས་ཉེན་རྟོག་པར་དམའ་འབེབས་དང་འབུད་རྒྱག་བཏང་བ་རེད། དེ་རྗེས་མི་དམངས་ཉེན་རྟོག་པས་ཡའོ་ཆེ་གེ་མོའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཉར་ནས་ཡའོ་ཆེ་གེ་མོ་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ཏུ་རང་འགུལ་ངང་འདྲི་རྩད་དང་ལེན་བྱེད་པར་ཡོང་དགོས་པའི་བླང་བྱ་བཏོན་པ་རེད། འོན་ཀྱང་། ཡའོ་ཆེ་གེ་མོས་སྔར་བཞིན་བརྟག་དཔྱད་དང་ལེན་རྩ་བ་ནས་བྱས་མེད་པ་རེད།

    ཉིན་དེའི་ཆུ་ཚོད་18ཡོལ་ཙམ་ལ་མི་དམངས་ཉེན་རྟོག་པ་སླར་ཡང་མགྲོན་ཁང་དེར་བསྐྱོད་དེ་ཡའོ་ཆེ་གེ་མོར་འབོད་འགུག་བྱས་པ་མ་ཟད། ཡའོ་ཆེ་གེ་མོ་སོགས་ལ་ཉེན་རྟོག་པའི་ལག་ཁྱེར་བསྟན་ནས་ཐོབ་ཐང་ར་སྤྲོད་བྱས་ཀྱང་ཡའོ་ཆེ་གེ་མོ་དང་། ཕུའུ་ཆེ་གེ་མོ། ཕུའུ་Xམེ་ཆེ་གེ་མོ་བཅས་གསུམ་པོས་གཞོགས་འདེགས་རྩ་བ་ནས་མ་བྱས་པ་མ་ཟད། ད་དུང་མི་དམངས་ཉེན་རྟོག་པར་སླར་ཡང་དམའ་འབེབས་དང་འབུད་རྒྱག་བཏང་བ་རེད། མི་དམངས་ཉེན་རྟོག་པས་ཡའོ་ཆེ་གེ་མོ་རླངས་འཁོར་ལ་བླུགས་རྩིས་བྱེད་སྐབས་ཉེས་གསོག་དོགས་ཅན་ཕུའུ་Xམེ་ཆེ་གེ་མོས་དབན་ཆེ་གེ་མོ། ཕུའུ་ཆེ་གེ་མོ། ཁྲེན་ཆེ་གེ་མོ། ཚའོ་ཆེ་གེ་མོ་སོགས་སྐད་བཏང་ནས་མི་དམངས་ཉེན་རྟོག་པར་མཉམ་རུབ་བརྒྱབ་སྟེ་མུར་མཛོག་དང་ཕྱགས་མ་བཞུས་པ་མ་ཟད། ཁ་རུབ་བརྒྱབ་པ་དང་ཉེས་རྡུང་བཏང་སྟེ་མི་དམངས་ཉེན་རྟོག་པས་ཡའོ་ཆེ་གེ་མོ་བརྟག་དཔྱད་བྱེད་པར་ཁྲིད་རྒྱུར་བཙན་ཤེད་ཀྱིས་བཀག་འགོག་བྱས་པ་དང་། མི་དམངས་ཉེན་རྟོག་པ་གསུམ་པོར་ཚད་གཞི་མི་འདྲ་བའི་རྨས་སྐྱོན་ཕོག་ཡོད་པ་རེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཚན་རིག་ལག་རྩལ་ཞིབ་འཇུག་སུའོ་ཡིས་མི་དམངས་ཉེན་རྟོག་པ་གསུམ་གྱི་གཟུགས་པོའི་རྨས་སྐྱོན་ལ་ཞིབ་དཔྱད་གསལ་འབྱེད་བྱས་པ་བརྒྱུད། ཉེན་རྟོག་པ་གསུམ་གྱི་གཟུགས་པོའི་རྨས་སྐྱོན་ཅུང་ཆུང་ཙམ་ཡིན་པའི་གཏན་འཁེལ་བྱས་པ་རེད།

    2.གྱོད་གཞི་ཐག་གཅོད།

    གྱོད་གཞི་ཐོན་རྗེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། དབང་སྲུང་ལས་དོན་གྱི་ལམ་སྲོལ་འཕྲལ་དུ་བཟོས་ནས་རྨས་སྐྱོན་ཕོག་པའི་མི་དམངས་ཉེན་རྟོག་པར་སྨན་བཅོས་དང་། ཁྲིམས་ལྟར་མི་དམངས་ཉེན་རྟོག་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་པ་རེད། དབང་སྲུང་གཞུང་ལས་ཁང་གིས་འཕྲལ་དུ་བརྟག་དཔྱད་བྱས་ནས་གྱོད་གཞིར་རྗེས་སྙེག་ཐག་གཅོད་བྱས་པ་རེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དབང་སྲུང་གཞུང་ལས་ཁང་གིས་ལྷུན་གྲུབ་རྫོང་སྤྱི་བདེ་ཅུས་ནས་གྱོད་གཞི་དེ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེན་དོན་ལྟ་ཞིབ་ཉིང་ལག་རུ་ཁག་དང་ཁྲིམས་འཛིན་ལྟ་སྐུལ་ཉིང་ལག་རུ་ཁག་གིས་གྱོད་གཞིའི་རྗེས་སྙེག་དང་མཛུབ་ཁྲིད་ལ་མཉམ་དུ་ཤུགས་སྣོན་བརྒྱབ་པ་རེད། ད་ཐེངས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཡུལ་གཞན་གྱི་ཉེན་རྟོག་པ་སྤྱོད་པ་དང་ཉེན་རྟོག་མང་པོ་མཉམ་འགུལ་གྱི་བྱེད་སྟངས་ཐོག་མར་སྤྱད་དེ་བརྟག་དཔྱད་དཔང་ལེན་དང་དབང་སྲུང་ལས་དོན་སྤེལ་ཞིང་། ཟླ་5ཚེས་18ཉིན་གྱི་དགོང་མོ། ལྷུན་གྲུབ་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་མཚན་མོ་དེ་རང་ལ་བརྟག་དཔྱད་དང་འདྲི་རྩད་ལས་དོན་སྤེལ་བ་དང་། ཉེས་གསོག་དོགས་ཅན་7གྱིས་དཔང་རྟགས་ཁུངས་བཙན་གྱི་མདུན་དུ་ཉེན་རྟོག་པ་གསུམ་ལ་དམའ་འབེབས་དང་། ཁ་རུབ་བརྒྱབ་པ། ཉེས་རྡུང་བཏང་བ་བཅས་ཀྱི་ཉེས་གསོག་དོན་དངོས་སྦས་གསང་མེད་པར་ངོས་ལེན་ཞུས་པ་རེད།

    ཟླ་5ཚེས་20ཉིན། ཉེས་གསོག་དོགས་ཅན་7པོ་ལྷུན་གྲུབ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཤིང་། མིག་སྔར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཡའོ་ཆེ་གེ་མོ་དང་། ཕུའུ་ཆེ་གེ་མོ། ཕུའུ་Xམེ་ཆེ་གེ་མོ་བཅས་ཉེས་གསོག་དོགས་ཅན་གསུམ་པོ་འཛིན་བཟུང་ཆོག་པའི་ཐག་གཅོད་བྱས་ཤིང་། གྱོད་གཞི་དེར་ད་དུང་སྔར་བས་ཞིབ་དཔྱོད་ནན་པོ་བྱེད་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།