[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྐར་ཆེ་གེ་མོ་སོགས་མི་བརྒྱད་ཀྱི་ངན་གཤེད་ཕྱོཌ་གཏོཌ་ཉེས་གསོག་ཚོགས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲཌ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    མི་གཞན་གྱི་རྒྱུ་ནོར་བཙན་ཤེད་ཀྱིས་ལེན་པ་དང་། རྒྱལ་ཁབ་ཀྱི་ལས་དོན་མི་སྣར་འཇིགས་སྐུལ་དང་འཕྱ་སྨོད་བྱས་པ། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་བརྔོན་པ་དང་བསད་པ་སོགས་ཀྱི་བྱེད་སྤྱོད་ལ། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ཞིབ་དཔྱོད་ཁང་གིས་གཞུང་གཏུག་བརྒྱབ་པའི་སྐར་ཆེ་གེ་མོ་སོགས་མི་བརྒྱད་ཀྱི་ངན་གཤེད་ཕྱོགས་གཏོགས་ཉེས་གསོག་ཚོགས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་རེད།

    བཅད་ཁྲ་ཁྱབ་བསྒྲགས་བྱེད་རིང་། ཀོང་པོ་རྒྱ་མདའ་རྫོང་ཁྲིམས་ཁང་གིས་རྫོང་ཞིབ་དཔྱོད་ཁང་གིས་ཉེས་སྤྱོད་ར་སྤྲོད་བྱས་པའི་ཉེས་མིང་དང་ཉེས་གསོག་དོན་དངོས་ལ་གཞིགས་ནས་བསྙད་རྐོ་ཟིང་སློང་གི་ནག་ཉེས་དང་། བསྙད་འདོགས་རྒྱུ་འཕྲོག་གི་ནག་ཉེས། ཁྲིམས་འགལ་ངང་རྔོན་བརྒྱབ་པ། རྩ་ཆེའི་སྲོག་ཆགས་དང་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་བསད་པའི་ཉེས་པ་བཅས་ཉེས་མང་སྡེབ་གཅོད་བྱས་ཏེ་ཞུ་སྦྱོར་ཕྱི་མ་སྐར་ཆེ་གེ་མོ་སོགས་མི་4ལ་དུས་བཀག་བཙོན་འཇུག་གི་ཆད་པ་བཅད་དེ་ལོ་བཞི་དང་ཟླ་བ་དྲུག་དང་ལོ་དྲུག ཟླ་བ་ལྔ་སོགས་མི་འདྲ་བའི་དུས་བཀག་བཙོན་འཇུག་བྱས་པ་དང་། བསྙད་རྐོ་ཟིང་སློང་གི་ནག་ཉེས་དང་བསྙད་འདོགས་རྒྱུ་འཕྲོག་ནག་ཉེས་ཡོད་པའི་ཞུ་སྦྱོར་ཕྱི་མ་ཟླ་ཆེ་གེ་མོ་དུས་བཀག་བཙོན་འཇུག་ལོ་ལྔ་དང་ཟླ་བ་དགུ་བྱས་པ། ཁྲིམས་འགལ་ངང་རྔོན་བརྒྱབ་པ་དང་། རྩ་ཆེའི་སྲོག་ཆགས་དང་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་བསད་པའི་ཉེས་པའི་ཞུ་སྦྱོར་ཕྱི་མ་སྤེན་ཆེ་གེ་མོ་སོགས་མི་3དུས་བཀག་བཙོན་འཇུག་ཟླ་བ་བཅུ་དང་། ཁྲིམས་ཆད་ནར་འགྱངས་ལོ་གཅིག་དང་ཟླ་བ་དྲུག་ནས་དུས་བཀག་བཙོན་འཇུག་ཟླ་བ་བརྒྱད། ཁྲིམས་ཆད་ནར་འགྱངས་ལོ་གཅིག་སོགས་ཁྲིམས་ཆད་མི་འདྲ་བ་བཏང་བ་རེད།

    “ཤང་སྲིད་གཞུང་དང་མངགས་གཏོང་ཁང་གིས་བསྐྱལ་བའི་ཁྲིམས་མཐུན་མི་སྣ་ཤང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་འབུ་བརྐོ་ཡུལ་ས་ཚིགས་སྒྲོལ་མ་ལུང་གཞུང་དང་རྩྭ་ཕུག་རོང་དུ་དབྱར་རྩྭ་དགུན་འབུ་རྐོ་བར་ཡོང་ཚེ། དུས་ཐོག་ཏུ་གྲོང་ཚོ‘ཨུ་ལྷན་གཉིས’ཀྱི་ཚན་ཁག་ལ་སྙན་སེང་ཞུ་དགོས་པ་དང་འབྲེལ་བཀག་འགོག་ཀྱང་བྱེད་དགོས། གལ་སྲིད་གྲོང་ཚོ‘ཨུ་ལྷན་གཉིས’ཀྱི་ཚན་ཁག་གི་གཏན་འབེབས་ལག་བསྟར་མ་བྱས་ཚེ། ཁྲིམས་འགལ་བར་དངུལ་ཆད་སྒོར་5000ནས་10000བར་གཏོང་གི་ཡིན”ཞེས་2018ལོའི་ཟླ་6པར། ཀོང་པོ་རྒྱ་མདའ་རྫོང་ཉང་ཕུ་ཤང་ཁྲོགས་ནང་གྲོང་ཚོའི་ཡུལ་མིས་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐར་ཆེ་གེ་མོ་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཟླ་ཆེ་གེ་མོ་སོགས་མི་ལྔ་ཡི་བཙན་ཤེད་འོག“གྲོས་མཐུན”དེར་མིང་རྟགས་བཀོད་པ་རེད།

    2017ལོའི་ཟླ་5པ་ནས་2018ལོའི་ཟླ་6པའི་རིང་། སྐར་ཆེ་གེ་མོ་དང་ཟླ་ཆེ་གེ་མོས་ཚེ་ཆེ་གེ་མོ་དང་། ངག་ཆེ་གེ་མོ། ལྷུན་ཆེ་གེ་མོ་བཅས་དང་རྒྱུན་དུ་འཛོམས་ནས་ཁྲིམས་འགལ་ངང་བདག་ཏུ་འཛིན་པ་དམིགས་ཡུལ་དུ་བྱས་ཏེ་འགག་སྒོ་བཟོས་ནས་བཀག་པ་དང་འཇིགས་སྐུལ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། ཤང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དབྱར་རྩྭ་དགུན་འབུ་བརྐོ་ཡུལ་དུ་ཁྲིམས་མཐུན་ངང་དབྱར་རྩྭ་དགུན་འབུ་རྐོ་མཁན་ཐེངས་མང་བཀག་པ་དང་འབྲེལ། ཁྲིམས་མཐུན་གྱི་དབྱར་རྩྭ་དགུན་འབུ་རྐོ་མཁན་40ཡི་ས་ནས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཀྱི་གྲོན་དངུལ་ཁྱོན་བསྡོམས་སྒོར་ཁྲི་7.2བསྡུས་པས་ཁྲིམས་མཐུན་ངང་དབྱར་རྩྭ་དགུན་འབུ་རྐོ་མཁན་གྱི་དཔལ་འབྱོར་ཡོང་འབབ་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། དེ་དང་དུས་མཚུངས་མི་ལྔ་པོས་ཡུལ་མི་སྒྲིག་འཛུགས་ཐེངས་མང་བྱས་ནས་ཤང་སྲིད་གཞུང་བསྐོར་བ་དང་། འཇིགས་སྣང་བསྐུལ་བ། ངན་སྨྲས་བྱས་པ། འབྲེལ་ཡོད་དཔྱད་གཞི་འཕྲོག་བཅོམ་བཅས་ཀྱི་ཐབས་ལ་བརྟེན་ནས་ཤང་སྲིད་གཞུང་གི་ལས་དོན་མི་སྣར་གནོན་ཤུགས་སྤྲད་དེ་ཁྲིམས་མཐུན་གྱི་དབྱར་རྩྭ་དགུན་འབུའི་བརྐོ་ཡུལ་དང་རྐོ་བའི་དུས་ཚོད་ཡང་བསྐྱར་བཟོ་རྒྱུའི་རེ་བ་བཏོན་པ་དེས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ་མ་ཟད། སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པའང་བཟོས་ཡོད།

    2015ལོའི་བོད་ཟླ་4ཚེས་15ཉིན། ཀུན་ཆེ་གེ་མོ་སོགས་མི་གསུམ་གྱིས་རང་ཁྱིམ་གྱི་སྒོ་རའི་ནང་ནས་དྲེད་མོང་གཅིག་བཟུང་བ་དང་། སྐར་ཆེ་གེ་མོ་སོགས་མི་བཞི་ཡིས་གནས་ཚུལ་དེ་ཐོས་འཕྲལ་མི་འགའ་ཤས་ཀྱིས་མཉམ་དུ་རྡོ་དང་དབྱུག་པ་སོགས་གཞུས་ཏེ་དྲེད་མོང་གསོད་པའི་ཐག་བཅད་པ་དང་ཆབས་ཅིག་དོམ་མཁྲིས་དང་། དོམ་ལག དོམ་མགོ དོམ་གྱི་པགས་པ་སོགས་བླངས་པ་དང་བེད་མེད་ཀྱི་ཆ་རྣམས་ས་སྦས་བཏང་བ་རེད། དེ་དང་དུས་མཚུངས་སྐར་ཆེ་གེ་མོ་སོགས་ཀྱིས་དེ་གར་ཡོད་མཁན་ལ་གསང་བ་སྲུང་རྒྱུའི་གྲོས་མཐུན་ཡང་བཞག་པ་རེད། གསལ་འབྱེད་བྱས་པ་བརྒྱུད། དྲེད་མོང་དེ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་ཁོངས་སུ་གཏོགས་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རིགས་ཡིན་པ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རྩ་བའི་ཚད་གཞིའི་རིན་གོང་གི་ལྡབ་ལྔ་ལྟར་ཞིབ་རྩིས་བརྒྱབ་ན་རིན་ཐང་སྒོར་40000ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྲིད་གྲོས་ཀྱི་ཨུ་ཡོན་དང་དེ་བཞིན་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་20ལྷག་ཙམ་གདན་ཞུས་ལྟར་ད་ཐེངས་ཡོངས་བསྒྲགས་བྱས་པའི་དཔྱད་ཁྲ་ཁྱབ་བསྒྲགས་ལ་ཞུགས་ཡོད་པ་དེས་ངན་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་གི་རྫིག་ཉམས་ནུས་ལྡན་ངང་བཅག་པས་ཉེན་ཟོན་སློབ་གསོའི་ཕན་འབྲས་བཟང་པོ་ཐོན་པ་དང་ཆབས་ཅིག ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་རྣམ་པ་ཟབ་མོ་བཏོད་དེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཕྱིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།