[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལག་ཁྱེར་མེད་པར་རླངས་འཁོར་བཏང་། ཉེན་རྟོག་པ་ཡིས་བཀག་ཉར་བྱས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་སྲོལ་བཅོས་སྒྲིག་དང་ཁོངས་གཏོགས་ཁུལ་དུ་འགྲིམ་འགྲུལ་ཁོར་ཡུག་ཡག་པོ་ཞིག་གཏོད་ཆེད། མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་གཞུང་ལམ་དུ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ། རིགས་ཁག་གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ནན་བཤེར་བྱས་པ་དང་ལྷག་པར་དུ་འཁོར་རྟགས་མེད་པ་དང་ལག་ཁྱེར་མེད་པར་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཤིང་། ཟླ་8ཚེས་15ཉིན། རུ་ཆེན་དེའི་ལས་འཛོལ་རུ་འབྲིང་གིས་འགྲིམ་འགྲུལ་ལས་འཛོལ་ཞིག་ཐག་གཅོད་བྱེད་རིང་ཟོག་འདྲེན་རླངས་འཁོར་ལྕི་གྲས་ཞིག་གི་ཁ་ལོ་བས་ལག་ཁྱེར་མེད་པར་རླངས་འཁོར་བཏང་བ་ཤེས་ནས་ཁྲིམས་ཆད་པ་བཅད་པ་རེད།

    ཉིན་དེའི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་10ཡོལ་ཙམ་ལ། མལ་གྲོ་གུང་དཀར་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ལས་འཛོལ་རུ་འབྲིང་ལ་རྫོང་དེའི་ཉི་མ་ལྕང་རྭ་ཤང་གི་ལམ་དུམ་དུ་འགྲིམ་འགྲུལ་ལས་འཛོལ་ཐོན་པའི་སྙན་སེང་ཞིག་འབྱོར། མི་དམངས་ཉེན་རྟོག་པ་ལས་འཛོལ་ཐོན་ཡུལ་དུ་འབྱོར་སྐབས། ཟོག་འདྲེན་རླངས་འཁོར་ལྕི་གྲས་གཉིས་རྡུང་ཁ་ཤོར་ནས་གཉིས་ཀར་སྐྱོན་ཚབས་ཆེན་ཤོར་མོད། འོན་ཀྱང་སྟབས་ལེགས་པ་ཞིག་ལ་མི་སྣར་རྨས་སྐྱོན་ཕོག་མེད། མི་དམངས་ཉེན་རྟོག་པས་ཁ་ལོ་བ་གཉིས་ཀྱི་ཁ་ལོ་བའི་ལག་ཁྱེར་བཤེར་སྐབས་། ཁ་ལོ་བ་གཅིག་གིས་ལག་ཁྱེར་བོར་བརླག་སོང་བའམ་ཡང་ན་ཁྱིམ་དུ་ལུས་པ་སོགས་ལ་ཁ་གཡར་ནས་ལག་ཁྱེར་མ་བསྟན། དེའི་རྗེས་མི་དམངས་ཉེན་རྟོག་པས་ཞིབ་བཤེར་དང་འདྲི་རྩད་བྱས་པ་བརྒྱུད་ཁ་ལོ་བ་དེར་ཁ་ལོ་བའི་ལག་ཁྱེར་མེད་པས་ལག་ཁྱེར་མེད་པར་རླངས་འཁོར་བཏང་བར་གཏན་འཁེལ་བྱས།

    ད་བྱེད་དུས་ཉིན་མོ་དེར་སྐྱེས་པ་དེས་གྲོང་གསེབ་ཀྱི་ལམ་དུམ་དུ་ཞིབ་བཤེར་བྱེད་མཁན་འགྲིམ་འགྲུལ་ཉེན་རྟོག་པ་མེད་སྙམ་ནས་རླངས་འཁོར་བཏང་སྟེ་ཕྱོགས་སུ་ཐོན། ཁྱིམ་ནས་ཐོན་ནས་ཡུན་རིང་མ་སོང་བར་ལག་རྩལ་ཞན་པའི་དབང་གིས་མདུན་གྱི་རླངས་འཁོར་ལ་བརྡུངས།

    སྐྱེས་པ་དེས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ལས་འགལ་ཞིང་། ཁ་ལོ་བའི་ལག་ཁྱེར་མེད་བཞིན་དུ་འཕྲུལ་སྒུལ་འཁོར་རིགས་བཏང་བས་ད་རེས་ཀྱི་ལས་འཛོལ་གྱི་འགན་འཁྲི་ཚང་མ་འཁུར་དགོས་ཀྱི་ཡོད། གཞན་ཡང་མིག་སྔར་མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁ་ལོ་བ་སྐལ་ཆེ་གེ་མོ་ཁྲིམས་བཞིན་སྲིད་འཛིན་བཀག་ཉར་ཉིན་10བྱས་པ་དང་དངུལ་ཆད་སྒོར་1000བཏང་བ་རེད།

    ཉེན་རྟོག་པའི་དྲན་སྐུལ། 

    ལག་ཁྱེར་མེད་པར་རླངས་འཁོར་བཏང་ན་འགྲིམ་འགྲུལ་ལས་འཛོལ་ཐོན་ཉེན་ཆེ་བ་མ་ཟད། གནོད་འཚེ་ཕོག་མཁན་ལ་རྒྱུ་ནོར་གྱི་གྱོང་གུན་བཟོ་བ་དང་། འཕྲུལ་སྒུལ་འཁོར་རིགས་ལ་འགྲིམ་འགྲུལ་གྱི་བཙན་འདོམས་འགན་བཅོལ་དང་ཚོང་ལས་འགན་བཅོལ་ནས་གྱོང་གུན་གསབ་ཀྱི་མེད། གྱོང་གུན་ཚང་མ་རླངས་འཁོར་གཏོང་མཁན་དེ་རང་གིས་འགན་འཁུར་དགོས་ཀྱི་ཡོད། འགན་བཅོལ་ཀུང་སིས་འགན་འཁྲིའི་བཅད་གྲངས་ཀྱི་ཁྱབ་ཁོངས་སུ་མྱུར་སྐྱོབ་གྲོན་དངུལ་སྔ་འདོན་བྱས་རུང་མཐར་ཁ་ལོ་བའི་ས་ནས་གྲོན་དངུལ་ལེན་དབང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།