[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཟླ་དགུ་པའི་ནང་།

    བདལ་གཏོང་རླངས་འཁོར་གྱི་ཞུ་གཏུག་ལས་བདལ་གླ་གང་བྱུང་བླངས་པའི་ཞུ་གཏུག་མང་ཤོས་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-22

    ཟླ་9པར་ལྷ་ས་གྲོང་ཁྱེར་བདལ་གཏོང་རླངས་འཁོར་ཀུང་སིའི་ཞུ་གཏུག་བདག་སྤྲོད་ལྟེ་གནས་ལ་ཞུ་གཏུག་ཁག་493(རྒྱལ་སྟོན་རིང་གི་ཞུ་གཏུག་65ཚུད་པ)འབྱོར་བའི་ནང་། ཞུ་གཏུག་415བདག་སྤྲོད་བྱས་པ་དང་ཞུ་གཏུག་78བདག་སྤྲོད་བྱས་མེད། རླངས་འཁོར་ལ་མ་བླུགས་པའི་ཞུ་གཏུག་86དང་། བདལ་གླ་གང་བྱུང་དུ་བླངས་པའི་ཞུ་གཏུག་165 འགྲུལ་པ་གཞན་པ་བླུགས་པའི་ཞུ་གཏུག་56 རྐང་བཙུགས་ནས་ལམ་ཁ་བསྐོར་པའི་ཞུ་གཏུག་23 ཞབས་ཞུའི་རྣམ་འགྱུར་ཞན་པའི་ཞུ་གཏུག་48 འགྲུལ་པ་དམིགས་སར་མ་སླེབས་ཀྱང་རླངས་འཁོར་ནས་འབབ་ཏུ་བཅུག་པའི་ཞུ་གཏུག་37 གོང་གསལ་གྱི་གྱོད་གཞིར་བདེན་དཔང་ཞིབ་དཔྱད་བྱས་པ་བརྒྱུད། བདལ་གཏོང་རླངས་འཁོར་ཀུང་སིས་སྒྲིག་སྲོལ་ལྟར་ཐག་གཅོད་བྱས་པ་དང་ཐག་གཅོད་བྱེད་ཚད་100%ཟིན་ཡོད།

    བཅར་འདྲི་བྱེད་རིང་། གསར་འགོད་པས་ཞུ་གཏུག་གྱོད་གཞི་གཉིས་ཀྱི་བརྒྱུད་རིམ་ལ་ཤེས་རྟོགས་ཞིབ་ཕྲ་བྱུང་ཞིང་། དེ་ཡང་ཞུ་གཏུག་གི་གྱོད་གཞི་དང་པོ་ནི། ལིའུ་ཆང(འགྱུར་མིང)བདལ་གཏོང་རླངས་འཁོར་ལ་བསྡད་དེ་དམིགས་སར་འབྱོར་རྗེས། བདལ་གླའི་འཛིན་ཡིག་སྤྲོད་རོགས་ཞེས་ཁ་ལོ་བར་རེ་བ་བཏོན་མོད། འོན་ཀྱང་། རླངས་འཁོར་ལ་འཛིན་ཡིག་པར་ལེན་འཕྲུལ་འཁོར་མེད་པས་འཛིན་ཡིག་སྤྲོད་ཐབས་བྲལ་བར་བརྟེན་ཕན་ཚུན་ཁ་རྩོད་ཤོར་ཞིང་། ཁ་ལོ་བས་ཁ་ཡ་མ་བྱས་པར་རླངས་འཁོར་གཏོང་རྩིས་བྱེད་སྐབས། ལིའུ་ཆང་གིས་ཨུ་ཚུགས་ངང་རླངས་འཁོར་གྱི་ཁ་བཀག་པ་མ་ཟད། སྒེའུ་ཁུང་ནས་རླངས་འཁོར་ནང་མཆོངས་དུས། རླངས་འཁོར་སྐྱོད་བཞིན་ཡོད་པས་ལིའུ་ཆང་རླངས་འཁོར་གྱིས་དྲུད་པ་རེད། སྟབས་ལེགས་པ་ཞིག་ལ་ལིའུ་ཆང་ལ་རྨས་སྐྱོན་གང་ཡང་ཕོག་མེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལིའུ་ཆང་སྐབས་དེ་དུས་ར་བཟི་ཡོད་པ་རེད། གྲོས་མོལ་ཐེངས་མང་བྱས་རྗེས། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བས་ལིའུ་ཆང་གི་རེ་བ་ལྟར། ཁོ་པར་གྱོང་གུན་ཁ་གསབ་སྒོར་1000སྤྲོད་རྒྱུའི་མོས་མཐུན་བྱས་པ་རེད།

    ཞུ་གཏུག་གི་གྱོད་གཞི་གཉིས་པ་ནི། ཟླ་10ཚེས་9ཉིན་ལྷ་ས་གྲོང་ཁྱེར་བདལ་གཏོང་རླངས་འཁོར་ཀུང་སིའི་བདལ་གཏོང་རླངས་འཁོར་ཞུ་གཏུག་བདག་སྤྲོད་ལྟེ་གནས་ཀྱི་ལས་དོན་མི་སྣར། སྣེའུ་མངགས་གཏོང་ཁང་གི་ཁ་པར་ཞིག་འབྱོར་བ་སྟེ། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་ཞིག་དང་འགྲུལ་པ་ཞིག་ཁ་རྩོད་ཤོར་ཡོད་པ་རེད། ལས་དོན་མི་སྣ་གནས་ཚུལ་ཐོན་ཡུལ་དུ་སླེབས་སྐབས། འགྲུལ་པ་དེས་ཁ་ལོ་བ་དང་བདལ་གཏོང་རླངས་འཁོར་ཀུང་སིའི་ལས་དོན་མི་སྣ་གཉིས་ཀ་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཐད་སྦྲེལ་ཁ་པར་ལ་ཞུ་གཏུག་བརྒྱབ་ལུགས་བརྗོད། དེ་ཡང་ཁ་ལོ་བ་ཞུ་གཏུག་རྒྱག་དོན་ནི་བདལ་གཏོང་རླངས་འཁོར་གྱིས་དུས་ཚོད་མི་རྩི་བ་དང་འགྲུལ་པས་མཁོ་འདོན་བྱས་པའི་ཕྱོགས་སྟོན་ལྟར་མི་སྐྱོད་པས་ཡིན་པ་དང་། ལས་དོན་མི་སྣ་ཞུ་གཏུག་རྒྱག་དོན་ནི་འགྲུལ་པ་དང་ཁ་ལོ་བ་རྩོད་པ་ཐུག་རྗེས་བདལ་གཏོང་རླངས་འཁོར་ཀུང་སིའི་ལས་དོན་མི་སྣས་ཁ་ཡ་གཅིག་ཀྱང་བྱས་མེད་པས་རེད།

    བདལ་གཏོང་རླངས་འཁོར་ཀུང་སིས་དྲན་སྐུལ་ཞུ་རྒྱུར། བདལ་གཏོང་རླངས་འཁོར་གྱིས་འགྲུལ་པ་མི་བླུགས་པ་དང་། བདལ་གླ་གང་བྱུང་དུ་ལེན་པ། དུས་ཚོད་མི་རྩི་བ་སོགས་སྒྲིག་འགལ་གྱི་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ། འཁོར་རྟགས་ངེས་ནས་ལྷ་ས་གྲོང་ཁྱེར་བདལ་གཏོང་རླངས་འཁོར་ཀུང་སིའི་ཞུ་གཏུག་བདག་སྤྲོད་ལྟེ་གནས་ལ་ཁ་པར་ནས་ཞུ་གཏུག་རྒྱག་ཆོག ཞུ་གཏུག་ཁ་པར་ཨང་གྲངས། 0891-6522345ཡིན་པ་དང་། གཞན་ཡང་། “ལྷ་སའི་བདལ་གཏོང་རླངས་འཁོར”གྱི་སྤྱི་རྟགས་ལ་དོ་ཁུར་བྱས་ནས་ཞུ་གཏུག་རྒྱག་ཆོག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།