[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལས་རོགས་ཉེན་རྟོག་པ་ཉི་མ་ཚེ་རིང་འཚོལ་དགོས་ན་ཁྲོམ་གཞུང་དུ་འགྲོ་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-29

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྲོང་ཤར་རུ་འབྲིང་གི་ལས་རོགས་ཉེན་རྟོག་པ་ཉི་མ་ཚེ་རིང་ནི་2003ལོར་སྤྱི་བདེའི་ལས་ཀར་ཞུགས་པ་དང་། དེ་སྔ་སྣེ་གདོང་ཆུས་ཀྱི་སྤྱི་ཕན་ལས་གནས་ཀྱི་ཕུལ་བྱུང་ལས་དོན་མི་སྣ་དང་། ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་ཚོང་འདུས་ཀྱི་སྔོན་ཐོན་མི་སྒེར། ལྷོ་ཁའི་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ཕུལ་བྱུང་ལས་རོགས་པ། ལྷོ་ཁ་གྲོང་ཁྱེར་གྱི་སྤྱི་བདེ་ཁྲུའི་སྤྱི་ཕན་ལས་གནས་ཀྱི་ཕུལ་བྱུང་མི་སྣ། ལྷོ་ཁ་གྲོང་ཁྱེར་གྱི་སྤྱི་བདེ་ཁྲུའི་སྔོན་ཐོན་ལས་དོན་པར་ཐེངས་གཉིས་བཅས་བདམས་མྱོང་།

    འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་རྩེད་ཐང་རུ་ཆེན་ནས་སྣེ་གདོང་ཆུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྲོང་ཤར་རུ་འབྲིང་བར། ཉི་མ་ཚེ་རིང་གིས་རྩེད་ཐང་གི་ཁྲོམ་གཞུང་ཚང་མར་ལས་ཀ་བསྒྲུབས་ཏེ་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ཡོད།

    ལོ་16གི་རིང་། ཁོང་གིས་ལམ་ངོས་སུ་སྤྱི་ལེ་ཁྲི་གྲངས་སྐོར་ཞིབ་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ་དང་། འཁོར་རིགས་བདེ་འཇགས་ངང་གཏོང་དགོས་པའི་སློབ་སྟོན་དང་། ཁྲིམས་ལས་འགལ་བའི་འཁོར་རིགས་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར། སེམས་རྩ་འཁོལ་པོས་དཀའ་ངལ་ཡོད་པའི་ཁ་ལོ་བ་ཉིས་སྟོང་ལྷག་ཙམ་ལ་རོགས་རམ་བྱས་ཡོད།

    2009ལོའི་དབྱར་ཁའི་དགོང་མོ་ཞིག་ལ། ཉི་མ་ཚེ་རིང་དང་ལས་རོགས་སྤེན་པ་བསམ་གྲུབ་ཀྱིས་སྐལ་བཟང་ཟམ་པར་གཅིག་སྡུད་མཚན་བཤེར་ལས་འགན་སྒྲུབ་སྐབས། མྱུར་ཚད་ལས་བརྒལ་ནས་ཡོང་བའི་ཨའོ་ཏི་རླངས་འཁོར་དཀར་པོ་ཞིག་གིས་ཉི་མ་ཚེ་རིང་ལ་བརྡུངས།

    ཁོང་ངོ་གདོང་སྨུག་པོར་གྱུར་པ་དང་། རྔུལ་ཆུ་ཁྲུམ་ཁྲུམ་ངང་ས་ལ་འགྱེལ་ནས་ཉེན་རྟོག་ཞྭ་མོའང་མི་རིང་བའི་སར་ཐོར་བ་རེད། ལས་རོགས་ཚོས་ཁོང་འཕྲལ་དུ་སྨན་ཁང་ལ་བསྐྱལ། སྨན་པས་ཁོང་ལ་ཟླ་བ་གཅིག་ལྷོད་ལྷོད་ངང་གཟུགས་པོ་གསོ་དགོས་པའི་ཁ་ཏ་བྱས་ཀྱང་། ཁོང་གིས་ངལ་གསོ་ཉིན་3ལས་མ་བརྒྱབ་པར་སྐྲངས་སྦོས་ཞོམ་མེད་ནའང་ལས་ཀར་བསྐྱོད།

    ལོ་16རིང་། ཉིན་གཅིག་ལྟར་ལས་ཀ་བསྒྲུབས་པས་ཉི་མ་ཚེ་རིང་ལ་འགྲིམ་འགྲུལ་ཉེན་རྟོག་པ་མང་ཆེ་བར་ཡོད་པའི་ལས་རིགས་ཀྱི་ནད་གཞི་སྟེ། སྡོད་རྩ་རེངས་འཁུམ་གྱི་ནད་ཕོག སྨན་པས་ཁོང་ལ་ངལ་གསོ་མང་ཙམ་རྒྱག་དགོས་ཞེས་བཤད་ཀྱང་ཁོང་གིས་སྨན་བླངས་ཏེ་ཐད་ཀར་ལས་ཀར་བསྐྱོད་ཀྱི་ཡོད།

    ཟངས་རིའི་ལམ་དུམ་གྱི་ཉང་མགོ་ཟམ་ཆེན་གྱི་འགྲམ་དུ་སྐོར་ཞིབ་བྱེད་སྐབས་འགྲུལ་འཁོར་ཞིག་འཁྱིལ་ཆུའི་ནང་ལུས་ཡོད་པ་དང་། ཉི་མ་ཚེ་རིང་གིས་དཀའ་ཉེན་ལ་མ་འཛེམས་པར་འཕྲལ་མར་འཁྱིལ་ཆུ་བརྒལ་ནས་རླངས་འཁོར་ལ་ཤུགས་ཀྱིས་འཐེན་རོགས་བྱས་ཏེ་དཀའ་ཉེན་ལས་བསྒྲལ་བ་རེད།

    “ང་དཀའ་སྡུག་ལ་སྐྲག་གི་མེད་ལ་ཉེ་འཁོར་གྱི་མིས་གཤེ་གཤེ་གཏོང་བ་དང་འཇིགས་སྣང་སྐུལ་བར་ཡང་ཞེད་ཀྱི་མེད། ཞེད་སྣང་བྱེད་ས་ཉག་གཅིག་ནི་ལུས་ཀྱི་ཉེན་རྟོག་པའི་གྱོན་ཆས་དང་རང་ཉིད་ལ་དཀྲིས་པའི་བླ་ན་མེད་པའི་འགན་འཁྲིར་གནོང་འགྱོད་བཟོ་བ་དེ་ཡིན”ཞེས་ཉི་མ་ཚེ་རིང་གིས་རང་ཉིད་ཀྱི་ད་ཆའི་ལས་ཀའི་ཐད་དེ་ལྟར་བཤད།

    ལས་རོགས་ཉེན་རྟོག་པའི་ཟླ་རེའི་གླ་ཆ་སྒོར་1680ཡིན་པ་དང་ལས་སྒྲུབ་ཁ་གསབ་བསྣན་ན་ཡང་ཁྱོན་སྒོར་2000ལས་མེད། བཟའ་ཟླར་ལས་ཀ་མེད་པ་དང་བུ་མོ་སློབ་ཆེན་འགྲིམ་གྱི་ཡོད་ཁར། ཉི་མ་ཚེ་རིང་གི་ཁྱིམ་ན་སྤུན་མཆེད་ཀྱི་ཕྲུ་གུ་ཞིག་ཀྱང་གསོ་ཉར་བྱས་ཡོད་པས་འབྱོར་འཁོས་ཞན་ཡང་སྐྱིད་སྣང་དོད་པོ་ཡོད།

    ལོ་16གི་རིང་ཉི་མ་ཚེ་རིང་གིས་སོ་སོའི་འགན་འཁྲིར་ལྷོད་གཡེང་གཏན་ནས་གཏོང་མྱོང་མེད། “ལས་འཛོལ་ཐོན་པ་དང་འགྲོ་ལམ་འགག་པར་དོ་སྣང་བྱེད་དགོས”ཞེས་ལས་ཀར་ལྷོད་གཡེང་གཏན་ནས་གཏོང་གི་མེད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།