[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རྐང་བཙུགས་ཏེ་མཐོ་ས་ནས་ཅ་དངོས་གཡུགས་ན་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-03

     ཉེ་ཆར། གསར་འགོད་པར་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བར། མཐོ་ས་ནས་ཅ་དངོས་གཡུགས་པ་དང་ཅ་དངོས་ཟགས་པའི་བྱེད་སྤྱོད་སྔོན་འགོག་ནུས་ལྡན་དང་ཁྲིམས་ལྟར་ཆད་པ་གཅོད་ཆེད། ཉེ་ཆར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་མཐོ་ས་ནས་ཅ་དངོས་གཡུགས་པ་དང་ཅ་དངོས་ཟགས་པའི་གྱོད་གཞིར་ཁྲིམས་ལྟར་འདྲི་ཞིབ་དོ་ནན་བྱ་རྒྱུའི་སྐོར་གྱི་བསམ་འཆར་བཀྲམ་པ་རེད། བསམ་འཆར་དེར་གཞིགས་ན། རྐང་བཙུགས་ཏེ་མཐོ་ས་ནས་ཅ་དངོས་གཡུགས་པའི་རིགས་ལ་གནས་ཚུལ་དངོས་གཞིར་བཟུང་ཉེན་ཁ་ཆེ་བའི་བྱེད་སྟངས་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་ནག་ཉེས་དང་། རྐང་བཙུགས་ནས་རྨས་སྐྱོན་གཏོང་བའི་ནག་ཉེས། རྐང་བཙུགས་ནས་མི་གསོད་པའི་ནག་ཉེས་བཅས་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། དམིགས་བསལ་གནས་ཚུལ་ཐད་ཆད་པ་ལྕི་རུ་གཏོང་རྒྱུ་ཡིན་པ་རེད།

    བསམ་འཆར་ནང་། རྐང་བཙུགས་ཏེ་མཐོ་ས་ནས་ཅ་དངོས་གཡུགས་ནས་མཇུག་འབྲས་ཚབས་ཆེན་བཟོས་མེད་ནའང་སྤྱི་པའི་བདེ་འཇགས་ལ་གནོད་ངེས་ཡིན་པའི་རིགས་ལ་ཉེས་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པའི་གཏན་འབེབས་གཞིར་བཟུང་། ཉེན་ཆེའི་བྱེད་སྟངས་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་ནག་ཉེས་ཀྱི་ཐོག་ནས་ཆད་པ་གཅོད་རྒྱུ་ཡིན་པ་དང་། མི་སྣར་རྨས་སྐྱོན་ཚབས་ཆེན་བཟོས་པ་དང་ཤི་བའམ་ཡང་ན་ཐུན་མོང་དང་མི་སྒེར་གང་རུང་གི་རྒྱུ་ནོར་ལ་གྱོང་གུན་ཆེན་པོ་བཟོས་པའི་རིགས་ལ་ཉེས་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཅོ་ལྔ་པའི་ནང་གསེས་དང་པོའི་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ་ཡིན་པ་རེད། དམིགས་སུ་བཀར་ནས་མི་གཞན་ལ་གནོད་འཚེ་གཏོང་རྩིས་ཡོད་པ་དང་གསོད་རྩིས་ཡོད་པའི་གོང་གསལ་གྱི་བྱེད་སྤྱོད་ལ་རྐང་བཙུགས་ཏེ་རྨས་སྐྱོན་གཏོང་བའི་ནག་ཉེས་དང་རྐང་བཙུགས་ཏེ་མི་གསོད་པའི་ནག་ཉེས་ཀྱི་ཐོག་ནས་ཉེས་པ་གཏན་འཁེལ་དང་ཁྲིམས་ཆད་གཅོད་རྒྱུ་ཡིན་པའི་གཏན་འབེབས་བྱས་ཡོད།

    བསམ་འཆར་ནང་། མཐོ་ས་ནས་ཅ་དངོས་གཡུགས་པའི་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས། གཤམ་གྱི་གནས་ཚུལ་གྱི་རིགས་ཡོད་ཕྱིན་ཆད་པ་ནན་པོ་གཅོད་དགོས་པ་ལས་སྤྱིར་ན་ཁྲིམས་ཆད་འགྱངས་གཅོད་བྱེད་མི་རུང་བ་ཁ་གསལ་བཏོན་པ་སྟེ། ཐེངས་མང་གཡུགས་མྱོང་བ་དང་། ཁ་ཏ་བསླབ་བྱ་དང་བཀག་འགོག་བྱས་ཀྱང་མུ་མཐུད་གཡུགས་པ། ཉེས་དོན་ཁྲིམས་ཆད་དམ་ཡང་ན་སྲིད་འཛིན་ཆད་པ་ཕོག་ཀྱང་ད་དུང་གཡུགས་པ། མི་སྣ་འདུ་འཛོམས་ཆེ་སར་གཡུགས་པ། དེ་མིན་གྱི་གནས་ཚུལ་ཚབས་ལྕི་རིགས་བཅས་རེད།

    མཐོ་ས་ནས་ཅ་དངོས་གཡུགས་པའི་ཐད། བསམ་འཆར་ནང་ཐལ་འཛོལ་བྱུང་སྟེ་མཐོ་ས་ནས་ཅ་དངོས་ཟགས་ཏེ་མི་ཤི་བ་དང་རྨས་སྐྱོན་ཚབས་ཆེན་ཕོག་པ་མ་ཟད། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་སོ་གསུམ་པ་དང་ཉིས་བརྒྱ་སོ་ལྔ་པའི་གཏན་འབེབས་དང་མཐུན་ཚེ་ཐལ་འཛོལ་ལས་མི་ཤི་བའི་ནག་ཉེས་དང་ཐལ་འཛོལ་ལས་མི་ལ་རྨས་སྐྱོན་ཚབས་ཆེན་ཕོག་པའི་ནག་ཉེས་ཀྱི་ཐོག་ནས་ཉེས་པ་གཏན་འཁེལ་དང་ཁྲིམས་ཆད་གཅོད་རྒྱུ་ཡིན། ཐོན་སྐྱེད་དང་ལས་དོན་སྒྲུབ་སྐབས་འབྲེལ་ཡོད་ཀྱི་བདེ་འཇགས་དོ་དམ་གཏན་འབེབས་ལས་འགལ་ཏེ་མཐོ་ས་ནས་ཅ་དངོས་ཟགས་ནས་ཤི་རྨས་ལས་འཛོལ་ཚབས་ཆེན་ཐོན་པའམ་ཡང་ན་མཇུག་འབྲས་ཚབས་ཆེན་གཞན་ཐོན་ཚེ། ཉེས་ཁྲིམས་ཀྱི་དོན་ཚན་བརྒྱ་དང་སོ་བཞི་པའི་ནང་གསེས་དང་པོའི་གཏན་འབེབས་ཇི་བཞིན་འགན་འཁྲིའི་ལས་འཛོལ་ཚབས་ཆེན་གྱི་ནག་ཉེས་ཐོག་ནས་ཉེས་པ་གཏན་འཁེལ་དང་ཁྲིམས་ཆད་གཅོད་རྒྱུ་ཡིན་ཞེས་གཏན་འབེབས་བྱས་ཡོད།

    ད་དུང་བསམ་འཆར་ནང་། དམངས་དོན་འདྲི་ཞིབ་ལས་དོན་ཁྲོད་མི་དམངས་ཁྲིམས་ཁང་གིས་དམངས་དོན་གཏུག་བཤེར་དཔང་རྟགས་ཀྱི་ལམ་སྲོལ་ཕྱོགས་བསྡུས་ངང་སྤྱད་དེ་ཐད་ཀའི་ཁེ་དབང་ལ་གནོད་འཚེ་གཏོང་མཁན་བཙལ་ནས་གཏན་འཁེལ་དགོས་པ་མ་ཟད། ཁྲིམས་བཞིན་ཁོ་པར་དབང་གནོད་ཀྱི་འགན་འཁྲི་འཁུར་རྒྱུའི་ཁྲིམས་གཅོད་བྱེད་དགོས། སྡེ་ལས་ཞབས་ཞུ་ཁེ་ལས་ཀྱིས་ཁྲིམས་གཏན་འཁེལ་བའམ་ཡང་ན་ཁ་ཆད་ཀྱི་འོས་འགན་མ་བསྒྲུབས་པའི་རྐྱེན་གྱིས་བཟོ་སྐྲུན་དངོས་པོ་དང་དེར་བཞག་པའི་དངོས་ཟོག་དང་དཔྱང་དངོས་ཟགས་ནས་གཞན་ལ་གནོད་འཚེ་བཟོས་རིགས་ལ་དེའི་ཁེ་དབང་གནོད་འཚེའི་འགན་འཁྲི་བདའ་འདེད་གཏོང་དགོས། སྡེ་ལས་ཞབས་ཞུ་ཁེ་ལས་ཀྱིས་དེ་མཚུངས་ཀྱི་དཔང་རྟགས་སྦས་པ་དང་། མེད་པར་བཟོ་བ། བཟོ་བཅོས། ཡང་ན་གཏན་ནས་མཁོ་འདོན་མ་བྱས་པ་བཅས་ཀྱིས་་རྐྱེན་པས་གྱོད་གཞིའི་དོན་དངོས་ངོས་འཛིན་བྱེད་ཐབས་བྲལ་བར་བཟོས་རིགས་ལ་དེ་མཚུངས་ཀྱི་མཇུག་འབྲས་ངན་པའི་འགན་འཁུར་དགོས་ཞེས་བསྟན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།