[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་སས་བཟའ་བཅའི་བདེ་འཇགས་གནད་དོན་ལ་མཉམ་འབྲེལ་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་སྤེལ་བ།

    ཆེད་དོན་བཅོས་སྒྲིག་ཚོགས་ཆུང་བཞིས་བཟའ་བཅའི་བདེ་འཇགས་གནད་དོན་ལ་འཕྲལ་མར་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-31

    ལྷ་ས་གྲོང་ཁྱེར་གྱི་བཟའ་བཅའི་བདེ་འཇགས་ལྟ་འདོམས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ས་ཁོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་མངོན་མེད་ཉེན་ཁ་དང་མངོན་གསལ་དོད་པའི་གནད་དོན་འགོག་ཟོན་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་བཟའ་བཅའ་ཐོན་སྐྱེད་ཚོང་གཉེར་གྱི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་དང་། བདེ་སྲུང་བཟའ་བཅའི་དྲིལ་བསྒྲགས་རྫུན་མ་བྱས་ནས་སྒྲིག་འགལ་ཕྱིར་ཚོང་གི་བྱེད་སྤྱོད། སློབ་གྲྭའི་བཟའ་བཅའི་བདེ་འཇགས་གནད་དོན་བཅས་དང་། དེ་བཞིན་ཁྲོམ་རར་བཏོན་ནས་ཕྱིར་ཚོང་བྱེད་བཞིན་པའི་ཞིང་ཞོར་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་ཏེ་མཉམ་འབྲེལ་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་དང་། ཆེད་དོན་བཅོས་སྒྲིག་ཚོགས་ཆུང་བཞིས་རང་སོ་སོའི་འགན་ནུས་ལྟར་བཅོས་སྒྲིག་ལས་དོན་ཧུར་ཐག་སྤེལ་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། གྱོད་གཞི་ཞིབ་གཉེར་ཆེད་དོན་ལས་དོན་ཚོགས་ཆུང་གིས་བཟའ་བཅའི་ལས་རིགས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་སྟེ“གྱོད་གཞི་ཐོན་ཚེ་ངེས་པར་དུ་ཞིབ་བཤེར་བྱེད་པ་དང་། ཁྲིམས་དང་འགལ་བར་ངེས་པར་དུ་རྩད་གཅོད་བྱེད་པ། ཞིབ་དཔྱོད་བྱས་པར་ངེས་པར་དུ་འབྲས་བུ་ཐོབ་པ”བཅས་བྱས་ཡོད། བཅོས་སྒྲིག་ལས་དོན་སྤེལ་ཚུན་དུ། བཟའ་བཅའི་ཐད་ཀྱི་ཞུ་གཏུག་དང་ཐེར་འདོན་ཁག་4འབྱོར་བ་དང་། དེའི་ནང་གྱོད་གཞི་གཅིག་གྱོད་ཐོ་བཀོད་པ་དང་། གྱོད་གཞི་གཅིག་གྱོད་སྒྲུབ་ཟིན་ནས་ཆད་གཅོད་དང་གཞུང་བཞེས་བྱས་པའི་དངུལ་སྒོར་ཁྲི་16.8ལྷག་ཟིན་པ་དང་། ཤ་རིགས་ཀྱི་ཐོན་རྫས་རྒྱ་མ་455ཞིབ་བཤེར་འཐེན་ཉར་བྱས་ཤིང་། 《བཅོས་སྒྲིག་བཀའ་རྒྱའི་བརྡ་ཐོ》6བཀྲམ་པ་རེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་ཐོན་རྫས(ཨ་རག)རྫུན་མ་དང་སྤུས་ཞན་ཐོན་སྐྱེད་ཕྱིར་ཚོང་བྱེད་པའི་གྱོད་གཞི་གཅིག་དང་། ཐོ་འགོད་ཚོང་རྟགས་རྫུས་མའི་ཐོན་རྫས་འཚོང་བའི་གྱོད་གཞི་2རྩད་ཆོད་དེ་དོགས་ཡོད་ཉེས་ཅན་8བཟུང་པ་དང་། ཨ་རག་རྫུས་མ་སྒམ་400ལྷག་གཞུང་བཞེས་བཏང་བར་གྱོད་འབྲེལ་དངུལ་སྒོར་ཁྲི་200ལྷག་ཟིན་པ་རེད།

    བདེ་སྲུང་བཟའ་བཅའི་བཅོས་སྒྲིག་ཆེད་དོན་ལས་དོན་ཚོགས་ཆུང་གིས་བདེ་སྲུང་བཟའ་བཅའི་ཚོང་གཉེར་ཁེ་ལས་ཀྱི་ལག་ཁྱེར་དང་། ཚོང་ཟོག་མཁོ་སྤྲོད་ཕྱོགས་ཀྱི་འོས་ཐོབ་དཔང་ཡིག་དཔྱད་གཞི། ཞིབ་བཤེར་སྙན་ཞུ་སོགས་ལ་ཞིབ་བཤེར་བྱས་ཏེ། བདེ་སྲུང་བཟའ་བཅའི་ཚོང་གཉེར་ཁེ་ལས་36ལ་ཞིབ་བཤེར་དང་། ཁྲིམས་འཛིན་མི་སྣ་ཐེངས་50བཀོད་སྒྲིག་བྱས་ནས་བཅོས་སྒྲིག་བཀའ་རྒྱའི་བརྡ་ཐོ་7བཀྲམ་པ་དང་། བདེ་སྲུང་བཟའ་བཅའི་དྲིལ་བསྒྲགས་རྫུས་མའི་གྱོད་གཞི་གཅིག་རྩད་ཆོད་པ་རེད།

    སློབ་རའི་བཟའ་བཅའ་བཅོས་སྒྲིག་ཆེད་དོན་ཚོགས་ཆུང་གིས་སློབ་རའི་ཉེ་འཁོར་སོགས་གཙོ་གནད་ས་ཁོངས་ཀྱི་བཟའ་བཅའ་ཚོང་གཉེར་སྡེ་ཚན་506ལ་ཞིབ་བཤེར་དང་། ཞུ་གཏུག་ཐེར་འདོན་བྱས་པའི་གྱོད་གཞི་10ཐག་གཅོད། ཁྲིམས་འཛིན་མི་སྣ་ཐེངས་154དང་རླངས་འཁོར་47བཀོད་སྒྲིག ཟ་ཁང་90ལ་བཅོས་སྒྲིག་བཀའ་རྒྱའི་བརྡ་ཐོ་བཀྲམ་པ་བཅས་བྱས་པ་རེད།

    ཞིང་ཞོར་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅོས་སྒྲིག་ཚོགས་ཆུང་གིས་ཁྲེང་ཀོན་ཆུས་དང་། སྟོད་ལུང་བདེ་ཆེན་ཆུས། སྟག་རྩེ་ཆུས། ལྷུན་གྲུབ་རྫོང་བཅས་ཀྱི་འདེབས་འཛུགས་རྟེན་གཞི་ཁག་ནས་སྔོ་ཚལ་དང་ཤིང་ཏོག་གི་འདྲ་དཔེ་ཁག་ཐེངས་74འཐེན་བཤེར་བྱས་པར་ཚད་ལོན་ཚད་100%ཟིན་པ་རེད། སྔོ་ཚལ་ཚོང་མཁན་ཚོང་དུད་12ལ་ཞིབ་བཤེར་བྱས་པར་གཏན་འགོག་བྱས་པའི་ཞིང་སྨན་གྱི་གནད་དོན་ཐོན་མེད་པ་དང་། ཉ་རིགས་ཀྱི་ཚོང་དུད་20ཡི་ཐོན་རྫས་འདྲ་དཔེ་20ལ་ཞིབ་བཤེར་བྱས་པ་རེད།

    གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་གྱི་རིམ་པ་ཁག་གི་ལྟ་འདོམས་སྡེ་ཚན་དང་ལས་རིགས་ཀྱི་གཙོ་གཉེར་སྡེ་ཚན་གྱིས་མུ་མཐུད་དུ་རང་འགན་གཙང་སྒྲུབ་ཀྱིས་བཟའ་བཅའི་བདེ་འཇགས་ཁྱབ་ཁོངས་སུ་ལེབ་བཤེར་རྣམ་པའི་གྲལ་བཤེར་དང་། གནད་སྨིན་རང་བཞིན་གྱི་བཅོས་སྒྲིག་ལས་དོན་ཏན་ཏིག་སྤེལ་ཏེ་མི་སེར་གྱི་ལྕེ་རྩེའི་བདེ་འཇགས་འགན་ལེན་བྱེད་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།