[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ལམ་སྲིད་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་ནས་ལམ་གཅེས་ལམ་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-04

    ལམ་སྲིད་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། གཞུང་ལམ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་སྤེལ་ཏེ་སྤྱི་ཚོགས་ལས་རིགས་ཁག་གི་ལམ་གཅེས་ལམ་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཟླ་5ཚེས་24ཉིན། རང་སྐྱོང་ལྗོངས་གཞུང་ལམ་ཅུས(བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང)དང་། རང་སྐྱོང་ལྗོངས་ལམ་སྲིད་དོ་དམ་ཅུས་ཀྱིས་མཉམ་དུ་ཁེ་ལས་ལ་བསྐྱོད་དེ་ལམ་སྲིད་ཞབས་འདེགས་བྱེད་སྒོ་སྤེལ་བ་དང་། ཁ་ལོ་བར་གཞུང་ལམ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་དྲིལ་བསྒྲགས་བྱས་པ་མ་ཟད་ཁོང་ཚོའི་བསམ་འདུན་ཉན་པ་རེད། གསར་འགོད་པས་དྲིལ་བསྒྲགས་བྱེད་སྒོ་ནས་ཤེས་རྟོགས་བྱས་པར། ཟླ་5པའི་ནང་ལྗོངས་ཡོངས་སུ་མཐོ་ཚད་དང་། གཤོང་ཚད་ལས་བརྒལ་བའི་འཁོར་རིགས་500ལྷག་ཙམ་ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་དངོས་ཟོག་ཏུན་1000ལྷག་ཙམ་ཕབ་པ་རེད།

    liy95949.jpg

    རང་སྐྱོང་ལྗོངས་ལམ་སྲིད་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཤིན་ཧུང་གིས་ངོ་སྤྲོད་བྱས་དོན། འདི་ལོའི་ཟླ་5པ་ནི་རྒྱལ་ཡོངས་ཀྱི་གཞུང་ལམ་སྲིད་ཇུས་དྲིལ་བསྒྲགས་ཟླ་བ་ཐེངས་5པ་ཡིན་པ་དང་། ད་ཐེངས་ཁེ་ལས་སུ་བསྐྱོད་ནས་དྲིལ་བསྒྲགས་བྱེད་སྒོ་སྤེལ་དོན་ནི་སྤྱི་ཚོགས་ཡོངས་ཀྱིས་གཞུང་ལམ་ལ་གཅེས་སྐྱོང་དང་གཞུང་ལམ་ལ་བདག་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་བྱས་ཏེ། མཐོ་ཚད་དང་གཤོང་ཚད་ལས་བརྒལ་བའི་བྱེད་སྤྱོད་འབྱུང་རྩ་ནས་བཅོས་སྒྲིག་བྱ་ཆེད་རེད། ལམ་སྲིད་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་རིང་། ལྗོངས་ཡོངས་ཀྱི་ལམ་སྲིད་སྡེ་ཚན་གྱིས་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། ལམ་སྲིད་མི་སྣ་སློབ་གྲྭ་དང་། སྡེ་ཁུལ། གྲོང་ཚོ་དང་གྲོང་རྡལ་བཅས་སུ་བསྐྱོད་དེ་གཞུང་ལམ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་བྱས་ཡོད། ཟླ་5ཚེས་24ཉིན་བར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་བཅའ་ཁྲིམས》དང་། 《གཞུང་ལམ་བདེ་འཇགས་སྲུང་སྐྱོང་སྲོལ་ཡིག》《ལྗིད་ཐེག་རླངས་འཁོར་གྱི་ཁ་ལོ་བའི་མཛའ་གྲོགས》 《ཚད་བརྒལ་དབོར་འདྲེན་འཁོར་རིགས་གཞུང་ལམ་དུ་འགྲོ་སྐྱོད་བྱེད་རིགས་ཀྱི་བདག་སྐྱོང་དོ་དམ་གཏན་འབེབས(གནད་བསྡུས)》སོགས་ཀྱི་དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་ཡིག་ཆ་21000ལྷག་ཙམ་སྤྲད་པ་རེད།

    གསར་འགོད་པས་རང་སྐྱོང་ལྗོངས་ལམ་སྲིད་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་5པ་ནས་བཟུང་། ལྗོངས་ཡོངས་ཀྱི་རིམ་ཁག་ལམ་སྲིད་དོ་དམ་སྡེ་ཚན་གྱིས་རྒྱལ་ལམ་109ལམ་ཐིག་དང་རྒྱལ་ལམ་318ལམ་ཐིག་སོགས་སུ་འཁོར་རིགས་ཀྱི་མཐོ་ཚད་དང་གཤོང་ཚད་ལས་བརྒལ་བའི་བྱེད་སྤྱོད་ལ་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད། ནག་ཆུ་དང་། ཉིང་ཁྲི། ཆབ་མདོ་སོགས་ཀྱི་ལམ་སྲིད་སྡེ་ཚན་དང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་གིས་མཉམ་དུ་ཁྲིམས་འཛིན་གྱིས། “ཚད་བརྒལ་གཅིག་ལ་ཆད་པ་བཞི་སྤྱོད་པའི”བྱ་ཐབས་ལག་བསྟར་ནན་ཏན་བྱས་པས་ཚད་བརྒལ་བྱེད་སྤྱོད་ཀྱི་བཅོས་སྒྲིག་ལ་ཕན་འབྲས་དངོས་སུ་ཐོན་པའི་འགན་ལེན་བྱས་ཡོད་པརེད། ཟླ་5ཚེས་24ཉིན་བར། ལྗོངས་ཡོངས་ཀྱི་ལམ་སྲིད་དོ་དམ་སྡེ་ཚན་གྱིས་འཁོར་རིགས་11000ལྷག་ཙམ་ལ་ཞིབ་བཤེར་བྱས་ནས་མཐོ་ཚད་དང་གཤོང་ཚད་ལས་བརྒལ་བའི་འཁོར་རིགས་500ལྷག་ཙམ་ལ་ཞིབ་བཤེར་ཐག་གཅོག་བྱས་ཏེ་དངོས་ཟོག་ཏུན་1000ལྷག་ཙམ་ཕབ་པ་རེད། བསྡོབས་རྩིས་བྱས་པར་གཞིགས་ན། འདི་ལོ་ཚུན་དུ་ལྗོངས་ཡོངས་ཀྱི་རིམ་ཁག་ལམ་སྲིད་དོ་དམ་སྡེ་ཚན་གྱིས་དངོས་ཟོག་ཆེན་པོ་དབོར་མཁན་གྱི་འཁོར་རིགས་6432བདག་སྤྲོད་བྱས་པ་དང་། ལམ་སྲིད་གྱོད་གཞི་70བདག་སྤྲོད་བྱས་པ། མཐོ་ཚད་དང་གཤོང་ཚད་ལས་བརྒལ་ནས་ཁྲིམས་འགལ་ངང་དབོར་འདྲེན་བྱེད་པའི་རླངས་འཁོར་ཐེངས་1800ཞིབ་བཤེར་ཐག་གཅོད་བྱས་ཏེ་དངོས་ཟོག་ཏུན་3685ཕབ་པ་མ་ཟད། གཞུང་ལམ་ལ་གནོད་སྐྱོན་བཏང་བར་ཁ་གསབ་གྲོན་དངུལ་སྒོར་ཁྲི་143ལྷག་ཙམ་བླངས་པ་རེད། གོམ་སྟབས་རྗེས་མར། རང་ལྗོངས་ཀྱི་ལམ་སྲིད་སྡེ་ཚན་གྱིས་མུ་མཐུད་ལམ་སྲིད་དྲིལ་བསྒྲགས་གཏིང་ཟབ་སྤེལ་རྒྱུ་མ་ཟད། འགྲིམ་འགྲུལ་སྐྱེལ་འདྲེན་པུས་ཡོངས་བསྒྲགས་ཤིང་འདི་ལོའི་ཟླ་6ཚེས་1ནས་ལག་ལེན་བསྟར་འགོ་ཚུགས་པའི《འགྲིམ་འགྲུལ་སྐྱེལ་འདྲེན་སྲིད་འཛིན་ཁྲིམས་འཛིན་གྱི་གོ་རིམ་གཏན་འབེབས》ལ་གཞིགས་ཏེ། ལྗོངས་ཡོངས་ཀྱི་ལམ་སྲིད་ཁྲིམས་འཛིན་མི་སྣར་གསོ་སྦྱོང་བྱས་ཏེ་ཁྲིམས་འཛིན་མི་སྣས་ཚད་གཞི་ནན་པོ་དང་། ཚད་དང་ལྡན་པ། ཡ་རབས་བཅས་ཀྱི་སྒོ་ནས་ཁྲིམས་བཞིན་དོ་དམ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།