[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ལྐོག་ཏུ་ནགས་ཤིང་བཅད། ཁྲིམས་ཀྱི་ཆད་པ་ཕོག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    ཉིན་ཤས་གོང་། སྨར་ཁམས་རྫོང་ཞིབ་དཔྱོད་ཁང་གིས་གཞུང་གཏུག་བྱས་པའི་སྤེན་ཆེ་གེ་མོས་ལྐོག་ཏུ་ནགས་ཤིང་བཅད་པའི་ཉེས་དོན་ཞོར་གཏོགས་ཀྱི་དམངས་དོན་སྤྱི་ཕན་ཞུ་གཏུག་གྱོད་གཞི་སྨར་ཁམས་རྫོང་ཁྲིམས་ཁང་དུ་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་འདྲི་ཞིབ་བྱས་པ་དང་། རྫོང་ནགས་ལས་ཅུས་ཀྱི་ལས་དོན་པ་དང་ཤང་དང་གྲོང་རྡལ་ཁག་གི་ནགས་སྲུང་བ་50ལྷག་ཙམ་གྱིས་གྱོད་གཞིའི་འདྲི་ཞིབ་བྱས་ཚུལ་ཟུར་ཉན་བྱས་པ་རེད།

    འདྲི་གཅོད་ཁྲིམས་རར་གཞུང་གཏུག་པ་དང་སྤྱི་ཕན་ཞུ་གཏུག་རྒྱག་མཁན་གྱིས་སྔ་རྗེས་སུ་བཅའ་ཁྲིམས་གཞིར་བཟུང་། ཉེས་དོན་ཞུ་གཏུག་ཡི་གེ་དང་ཉེས་དོན་ཞོར་གཏོགས་ཀྱི་དམངས་དོན་སྤྱི་ཕན་ཞུ་གཏུག་གྱོད་གཞིའི་ཞུ་གཏུག་ཡི་གེ་སྒྲོག་སྦྱངས་བྱས་ཏེ། ཞིབ་དཔྱོད་ལས་ཁུངས་ཀྱི་ཉེས་དོན་བགྲང་བ་དང་དམངས་དོན་སྤྱི་ཕན་ཞུ་གཏུག་གི་རེ་ཞུར་དམིགས་ནས་དཔང་འདོན་དང་ངོས་འཛིན་ར་སྤྲོད་བྱས་ཡོད། ཞུ་སྦྱོར་ཕྱི་མས་གཞུང་གཏུག་ལས་ཁུངས་ཀྱིས་བཏོན་པའི་དཔང་རྟགས་དང་ཁྲིམས་སྦྱོར་ཞུ་འབུལ་ལ་བསམ་འཆར་གང་ཡང་མེད་པ་རེད།

    གཞུང་གཏུག་པས་འདྲི་གཅོད་ཁྲིམས་ར་འཚོག་སྐབས་བརྗོད་དོན། བོད་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པའི་ཆ་ནས་གཙང་གསུམ་ཆུ་འགོའི་སྣོད་བཅུད་མ་ལག་སྲུང་སྐྱོང་བྱེད་པར་ནུས་པ་གལ་ཆེན་ཐོན་གྱི་ཡོད། སྤྱི་དམངས་ཚང་མས་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་ཀྱི་དགོངས་པ་རང་རྟོགས་ངང་ལག་ལེན་བསྟར་ཏེ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནགས་ཤིང་གང་བྱུང་དང་ལྐོག་ཏུ་གཅོད་པ་དང་རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལྐོག་རྔོན་རྒྱག་པ་དང་རྩི་ཤིང་ལྐོག་གཅད་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་དགོས།

    གྱོད་གཞི་འདི་འདྲི་ཞིབ་བྱས་པ་བརྒྱུད། ཁྲིམས་ཁང་གིས་ཁྲིམས་སར་ཁྲིམས་ཐག་བཅད་པ་རེད། སྤེན་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཁྲིམས་ཆད་འགྱངས་བཅད་ལོ་གཉིས་བྱེད་རྒྱུ་མ་ཟད། དངུལ་ཆད་སྒོར་2000གཏོང་རྒྱུའི་ཁྲིམས་ཐག་བཅད་པ་དང་། ཉེས་དོན་ཞོར་གཏོགས་ཀྱི་དམངས་དོན་སྤྱི་ཕན་ཞུ་གཏུག་གྱོད་གཞིའི་རེ་ཞུ་ཚང་མར་ཁྲིམས་སའི་རྒྱབ་སྐྱོར་ཐོབ་ནས། སྤེན་ཆེ་གེ་མོས་2020ལོར་ཤིང་འཛུགས་སྐབས་གསོམ་ཤིང་རྐང་760གསབ་འདེབས་བྱེད་དགོས་པ་མ་ཟད། ཤིང་གསོན་ཚད་85%ཡན་ལོན་དགོས་པ་དང་། ལྐོག་ཏུ་ནགས་ཤིང་བཅད་པ་ལས་བྱུང་བའི་དཔལ་འབྱོར་གྱོང་གུན་སྒོར་14293.75གསབ་དགོས་པ་མ་ཟད། བཅད་ཁྲའི་ནུས་པ་ཐོན་རྗེས་ཀྱི་ཉིན་བཅུའི་ནང་ཆབ་མདོའི་ཚགས་པར་ཐོག་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་དགོངས་དག་ཞུ་དགོས་པའི་ཁྲིམས་ཐག་བཅད་པ་རེད།

    ཁྲིམས་ར་གྲོལ་རྗེས་ཟུར་ཉན་པ་ཚོས། ད་ཐེངས་ཀྱི་ཡོངས་བསྒྲགས་འདྲི་གཅོད་ཁྲིམས་རར་ཞུགས་པས་མྱོང་ཚོར་ཟབ་མོ་བྱུང་། གཅིག་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱུང་སྟེ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་སོང་ལ། ཕྱོགས་གཞན་ཞིག་ནས་སྣོད་བཅུད་སྤྱི་ཕན་ལས་གནས་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱང་ཆེ་རུ་ཕྱིན་སོང་། ལས་གནས་སུ་ལོག་རྗེས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གནས་ལྟ་སྐུལ་གྱི་འགན་འཁྲི་ཧུར་ཐག་འཁུར་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།