[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • རེ་བའི་ཞིང་ས་གཤིན་པོར་ས་བོན་བཏབ།

    —— ལྷ་སའི་སློབ་གསོ་གྲོང་འཛུགས་སྐྲུན་གྱི་བསྡུས་རིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-05

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་སློབ་གསོའི་རྨང་གཞིའི་འཛུགས་སྐྲུན་མངོན་གསལ་དོད་སར་འཇོག་རྒྱུ་དང་སློབ་གསོའི་བྱ་གཞག་སྔོན་དུ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སློབ་གསོའི་བྱ་གཞག་འཕེལ་རྒྱས་དང་སྒྱུར་བཅོས་ཀྱི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་སྟེ་སློབ་གསོའི་སྤུས་ཚད་མཐོ་རུ་དང་། སློབ་གསོའི་གཞི་ཁྱོན་ཆེ་རུ། སློབ་གསོའི་ནང་དོན་ཕུན་སུམ་ཚོགས་སུ། སློབ་གསོ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།

    2012ལོར། སློབ་གསོའི་བྱ་གཞག་དོ་སྙོམས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་དང་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་རིམ་པ་མཐོ་རུ་བཏང་ནས་སློབ་གསོའི་ཐོན་ཁུངས་སྤུས་ལེགས་དགོས་པའི་མང་ཚོགས་ཀྱི་འདུན་པ་དྲག་པོ་སྐོང་ཆེད། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་བརྟག་ཞིབ་གཏིང་ཟབ་དང་རིགས་པས་ཁུངས་སྐྱེལ་གང་མང་བྱས་པའི་རྨང་གཞིའི་ཐོག་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དུ་གནས་པའི་སློབ་གསོ་གྲོང་གི་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད། དུས་ཐེངས་དང་པོའི་ལས་གྲྭའི་ས་བཟུང་རྒྱ་ཁྱོན་ལ་མུའུ་4690ཟིན་པ་དང་མ་དངུལ་སྒོར་དུང་ཕྱུར་58ལྷག་ཙམ་བཏང་བ་རེད།

    གོང་འོག་མཉམ་འབྲེལ་གྱིས་རྣམ་གྲངས་འཛུགས་སྐྲུན་བྱས་པ།

    ཀུན་གྱིས་ཤེས་གསལ་ལྟར། སློབ་གསོ་ནི་དམངས་འཚོ་ཆེ་ཤོས་ཤིག་རེད། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སློབ་གསོ་གྲོང་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གྱིས་སློབ་གསོ་གྲོང་འཛུགས་སྐྲུན་བདེ་བླག་དང་། གོ་རིམ་ལྡན་པ། ཚན་རིག་དང་མཐུན་པ་བཅས་ལ་སྐུལ་འདེད་གཏོང་རྒྱུ་འགན་ལེན་བྱས་ཏེ་ལས་དོན་ཁག་འཆར་གཞི་ལྟར་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་སྒྲུབ་བྱ་ཆེད། སྐབས་དེའི་གྲོང་ཨུད་ཧྲུའུ་ཅིས་ཙུའུ་ཀྲང་གི་འགན་འཁུར་བ་དང་། སྐབས་དེའི་ཧྲི་ཀྲང་གཞོན་པས་ཙུའུ་ཀྲང་གཞོན་པ་དང་པོའི་འགན་འཁུར་ཏེ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དང་། ནོར་སྲིད་ཅུས། རྒྱལ་ཁབ་ས་ཆ་ཅུས། འཆར་འགོད་ཅུས། སློབ་གསོ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་ཁོངས་མིའི་ཚན་པར་བྱས་པའི་ལྷ་སའི་སློབ་གསོ་གྲོང་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་མ་ཟད། གཞུང་ལས་ཁང་ཡང་བཙུགས་ནས་རྣམ་གྲངས་འཛུགས་སྐྲུན་ཐད་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་ཐུབ་པ་བྱས་པ་རེད།

    མང་ཚོགས་ཀྱིས་དུས་ཐོག་ཏུ་སློབ་གསོ་གྲོང་གི་རྣམ་གྲངས་ཤེས་རྟོགས་ཐུབ་ཆེད། ལྷ་ས་གྲོང་ཁྱེར་གྱིས་རིམ་པ་ཁག་དང་རིགས་ཁག་གི་གསར་འགྱུར་སྨྱན་སྦྱོར་ཚན་པ་བརྒྱུད། རྒྱ་ཆེའི་གྲོང་མིར་ལྷ་སའི་སློབ་གསོ་གྲོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་དོན་སྙིང་དང་། གཞི་ཁྱོན། འཕེལ་རིམ་བཅས་ཀྱི་གནས་ཚུལ་དྲིལ་བསྒྲགས་བྱས་པས་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་པ་རེད།

    དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། མིག་སྔའི་བར། ལྷ་ས་གྲོང་ཁྱེར་དགེ་རྒན་རྒྱུན་མཐུད་སློབ་གསོའི་སློབ་གྲྭ་དང་། ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་དཔེ་མཚོན་རང་བཞིན་གྱི་ཕྱོགས་བསྡུས་ལག་ལེན་རྟེན་གཞི། ལྷ་ས་གྲོང་ཁྱེར་གྲོང་ཨུད་ཏང་གི་སློབ་གྲྭ བོད་ལྗོངས་སྤྱི་ཚོགས་རིང་ལུགས་སློབ་གླིང་། ལྷ་སའི་ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པ། ལྷ་སའི་མངའ་རིས་མཐོ་རིམ་སློབ་འབྲིང་། ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭ ཚོད་ལྟའི་སློབ་ཆུང་གི་སློབ་གསོ་གྲོང་གི་ཡན་ལག་སློབ་གྲྭ་སོགས་སློབ་གྲྭ་དང་ཚན་པ་10ལྷག་ཙམ་སློབ་གསོ་གྲོང་དུ་སྤོས་ཟིན་ནས་ད་ཆ་སློབ་གསོ་གྲོང་རྒྱུན་གཏན་བཞིན་འཁོར་རྒྱུག་ཐུབ་སྟེ་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་ཡོངས་ལ་རྫོགས་མཐའ་མེད་པའི་གསོན་ཤུགས་ཤིག་བསྣན་དང་སྣོན་བཞིན་མཆིས།

    ཡུལ་བབ་དང་བསྟུན་ནས་རྨང་གཞིའི་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་པ།

    “ལྷ་སའི་སློབ་གསོ་གྲོང་གི་འཆར་འགོད་ནི་སློབ་གསོ་གྲོང་མཐའ་འཁོར་གྱི་རང་བྱུང་ཁོར་ཡུག་ལ་གཞིགས་ནས་གཞི་རྩའི་སྣོད་བཅུད་བཀོད་པ་རྨང་གཞིར་བྱས་པ་ཞིག་ཡིན་སྟབས། འཆར་འགོད་ཐད་མི་རིགས་ཀྱི་ཁྱད་ཆོས་གང་མང་འདུས་པ་མ་ཟད། བོད་ཀྱི་ཁྱད་ཆོས་ཀྱང་གང་ལེགས་མངོན་ཡོད”ཅེས་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་བརྗོད།

    སློབ་གསོ་གྲོང་གི་འཛུགས་སྐྲུན་འཆར་འགོད་དང་ཇུས་འགོད་འདིང་སྐབས་ཡུལ་སྲོལ་གོམས་གཤིས་ལ་བརྟེན་ཏེ་གྲོང་བསྐྲུན་པ་དང་། སྐྱེད་མོས་ཚལ་ལྟར་གྱི་ཁོར་ཡུག སྤྱི་འདོམས་འཆར་འགོད་བཅས་ཀྱི་སྤྱིའི་རྩ་དོན་གཏན་འཁེལ་དང་། རིག་གནས་ཀྱི་ཁྱད་ཆོས་དང་། མི་རིགས་ཀྱི་ཁྱད་ཆོས། སྐྱེད་མོས་ཚལ་གྱི་ཁྱད་ཆོས་བཅས་གཙོ་གནད་དུ་མངོན་པ། ཚན་རིག་དང་མཐུན་པའི་ངང་གྲོང་ཁུལ་གྱི་ཁོར་ཡུག་དང་བྱེད་ནུས་འཆར་འགོད། གྲོང་ཁྱེར་དོ་དམ་གྱི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལེ་ལག་ཚང་བའི་ངང་བསྐྲུན་པ་མ་ཟད། ཁྱད་ཆོས་གཅིག་གྱུར་བཟོས་ཏེ་སློབ་གསོ་གྲོང་ཉིད་ལྷ་སའི་འཕེལ་རྒྱས་ཀྱི་སྐར་ཁུང་ལྟར་ཧུར་ཐག་བསྐྲུན་པ་རེད།

    འཛུགས་སྐྲུན་གྱི་ཉམས་འགྱུར་ཐད་སློབ་གསོ་གྲོང་གི་རྣམ་གྲངས་ཀྱིས་བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་འཛུགས་སྐྲུན་ཁྱད་ཆོས་རྒྱུན་འཛིན་དང་དར་སྤེལ་གང་ལེགས་བཏང་སྟེ་སྲོལ་རྒྱུན་སྐྲུན་དངོས་ཀྱི་ཁྱད་ཆོས་དེ་དེང་རབས་སྐྲུན་དངོས་ཀྱི་ལག་རྩལ་ཁྲོད་མཉམ་འདྲེས་ཐུབ་པ་བྱས་ནས་ཁྱད་ཆོས་ཀྱིས་ཕྱུག་པའི་དེང་རབས་ཅན་གྱི་སློབ་གསོའི་གླིང་ཞིག་བཏོད་པར་སློབ་གསོའི་བྱེད་ནུས་ལྡན་ལ་ལྷ་སའི་ཁྱད་ཆོས་ཀྱང་མངོན་པ་གསར་འགོད་པས་མཐོང་བྱུང་།

    རང་ལྗོངས་ཀྱི་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་ཆ་རྐྱེན་དང་ལེགས་ཆར་བརྟེན་ནས་ལྷ་ས་གྲོང་ཁྱེར་གྱིས་པེ་ཅིང་དང་ཅང་སུའུ་ཞིང་ཆེན་དང་མཉམ་དུ་སློབ་གཉེར་ཆ་རྐྱེན་ལྗོངས་ཡོངས་སུ་རྩེ་གྲར་སླེབས་པའི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དང་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་བསྐྲུན་པ་རེད། སློབ་གྲྭ་དེ་གཉིས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཆེད། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“ཁྱིམ་གྱི་སྒོ་འགྲམ་དུ་ཡོད་པའི་ནང་སའི་བོད་ལྗོངས་འཛིན་གྲྭ་གཉེར་དགོས”ཞེས་པའི་སློབ་གཉེར་དམིགས་ཚད་བཏོན་ཏེ་ཞིང་ཆེན་དེ་གཉིས་ནས་སློབ་གྲྭའི་དོ་དམ་ཤེས་ལྡན་པ་ཕུལ་བྱུང་དང་རྐང་འཛིན་དགེ་རྒན་གདན་དྲངས་ཏེ་ཚོད་ལྟའི་སློབ་འབྲིང་གཉིས་པོར་སློབ་ཚན་འཁྲིད་དུ་བཅུག་ཡོད།

    སློབ་གསོ་གྲོང་གི་ཕྱོགས་བསྡུས་ཕན་འབྲས་རགས་ཙམ་མངོན་པ།

    “སློབ་གསོ་གྲོང་རྣམ་གྲངས་ཀྱི་དུས་ཐེངས་དང་པོ་བསྐྲུན་རྗེས་བེད་སྤྱོད་བྱས་པ་དེ་ཐོག་ནས་སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་དང་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་སྐྱེད་བྱས་པ་མ་ཟད། གྲོང་ཁུལ་སློབ་གྲྭའི་འཕེལ་རྒྱས་ཀྱི་བར་མཐོངས་ཆུང་བ་དང་། སློབ་གསོའི་ཐོན་ཁུངས་ཐར་ཐོར། སློབ་གྲྭའི་དབར་གྱི་ཧེ་བག་ཅུང་ཆེ་བ་སོགས་ཀྱི་གནད་དོན་ཡང་ནུས་ལྡན་ངང་བསལ་ཡོད”ཅེས་འགན་འཁུར་བ་དེས་བརྗོད་ཅིང་། ཁོང་གིས། ལྷག་དོན་དུ་སློབ་གསོའི་བོད་སྐྱོར་སོགས་བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་ལྷ་སའི་སློབ་གསོའི་སྤུས་ཚད་མཐོ་རུ་ཏན་ཏིག་བཏང་ཐོག་ལྷ་སའི་སློབ་གསོ་རིམ་གྱིས་དོ་སྙོམས་ཅན་དང་། གཞི་ཁྱོན་ཅན། ཞིབ་ལས་ཅན་བཅས་ཀྱི་འཕེལ་རྒྱས་ལམ་བུ་གསར་པར་བསྐྱོད་ཅིང་། ལྷ་སའི་སློབ་གསོ་ཉིད་ནུབ་རྒྱུད་མི་རིགས་ས་ཁུལ་གྱི་ཆུ་ཚད་རྩེ་གྲའི་གྲས་སུ་སླེབས་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ཅེས་བཤད།

    ལྷ་སའི་སློབ་གསོ་གྲོང་ནི་བུ་བཅོལ་ཁང་གི་སློབ་གསོ་ནས་སློབ་ཆེན་གྱི་སློབ་གསོ་དང་དེ་བཞིན་ལས་རིགས་སློབ་གསོ་ནས་ཚན་ཞིབ་གསོ་སྦྱོང་བར་ཁྱབ་པའི་དེང་རབས་ཅན་གྱི་སློབ་གསོའི་མ་ལག་ཅིག་རེད།

    མིག་སྔར། ལྷ་སའི་སློབ་གསོ་གྲོང་གིས་སློབ་གསོ་དང་ཚན་ཞིབ་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་བརྟེན་ནས་མི་ཚོགས་འདུ་ཆེ་བ་དང་། སློབ་གསོ་གྲོང་གི་ཉེ་འཁོར་དང་ཐ་ན་དཔལ་སྡིངས་ཡུག་ཁུལ་གྱི་ཚོང་དོན་ལས་རིགས་དང་། རིག་གནས་ཐོན་ལས། ཞབས་ཞུ་ལས་རིགས། ས་ཁང་ཐོན་ལས་སོགས་ཐོན་ལས་གོང་འཕེལ་མྱུར་པོ་ཡོང་བར་ཁྲིད་སྟོན་བྱས་པས་ཡུག་ཁུལ་ཉིད་ལྷ་སའི་དཔལ་འབྱོར་བརྟན་པོ་འཕར་བའི་བཀྲག་མདངས་འཚེར་སར་གྱུར་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།