[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།
  • བོད་ཀྱི་ཡིག་སྒྱུར་གཞུང་ལུགས་འཛུགས་སྐྱོང་ལས་འཕྲོས་པའི་གཏམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-25

    གླེང་གཞི།

    དེའང་རིགས་པའི་གཞུང་ལུགས་ནི་ལག་ལེན་ཕྱོགས་སྡོམ་གྱིས་འབྲར་བུར་ཟད་ན། ལག་ལེན་གྱི་བགྱི་བ་མེད་ན་གཞུང་ལུགས་ཀྱི་འབྲས་བུ་འབྱུང་ཐབས་མེད་པ་གོར་མ་ཆག ཡིག་སྒྱུར་གཞུང་ལུགས་ནི་དུས་ཡུན་རིང་པོའི་ཡིག་སྒྱུར་གྱི་འཕྲང་ལམ་མང་པོ་འགྲིམས་རྗེས། ད་གཟོད་ལག་ལེན་དང་ཉམས་མྱོང་། བསམ་བློའི་སྙིང་བཅུད་མང་པོ་ཕྱོགས་སྡོམ་གྱིས་ཡི་གེར་ཕབ་པ་ན། མིང་དོན་མཚུངས་པའི་རིགས་པའི་གཞུང་ལུགས་གྲུབ་པ་གོར་མ་ཆག དེང་གི་དུས་སུ་རྒྱལ་ཁབ་ཕྱི་ནང་དུ་ཡིག་སྒྱུར་ཞིབ་འཇུག་གཏིང་ཇེ་ཟབ་ཏུ་འགྲོ་བ་དང་ཡིག་སྒྱུར་རིག་པ་ཞེས་རིག་ཚན་རྐྱང་པ་ཞིག་ཏུ་བརྩིས་ནས་ཞིབ་འཇུག་བྱས་དང་བྱེད་མུས་སུ་མཆིས་ལ། གྲུབ་འབྲས་ཀྱང་མི་དམན་ཙམ་ཐོབ་ཡོད། བོད་ཀྱི་ཡིག་སྒྱུར་གཞུང་ལུགས་ཀྱི་ལོ་རྒྱུས་རིང་ནའང་དུས་དང་མཐུན་པའི་མིང་དང་ཐ་སྙད་འདོགས་མཁན་བྱུང་མེད་ལ། རིག་ཚན་རྐྱང་པ་ཞིག་ཏུ་བརྩིས་ནས་ཞིབ་འཇུག་གི་བགྱི་བ་ཕྲག་ཏུ་ལེན་པའི་དུས་ནི་ལོ་རབས་དགུ་བཅུའི་ནང་ངོ་། དེ་ལྟར་ན། བོད་ལ་ཡིག་སྒྱུར་གྱི་ལོ་རྒྱུས་རིང་ལ་བརྩམས་ཆོས་མང་རུང་ཡིག་སྒྱུར་གྱི་གཞུང་ལུགས་ཉུང་བ་དང་། ཡིག་སྒྱུར་ཞིབ་འཇུག་གི་གཞུང་ལུགས་ཡོད་ཀྱང་རིག་ཚན་རྐྱང་པ་ཞིག་ཏུ་བརྩིས་ནས་ཞིབ་འཇུག་བྱེད་འགོ་ཕྱི་བ། ཞིབ་འཇུག་གི་ནང་དོན་རགས་པ་ཙམ་དུ་ལུས་པ་སོགས་ཞན་ཆ་འགའ་ཡོད་པ་ནི་ཁས་མ་འཆེས་རང་འཆེས་སུ་གྱུར་ཡོད།

    དང་པོ། རྒྱལ་ནང་གི་ཡིག་སྒྱུར་རིག་པའི་ཞིབ་འཇུག་གི་གནས་བབ།

    རྒྱལ་ནང་དུ་1927ལོར་ཅང་དབྱི་ཀྲེན་གྱིས《ཡིག་སྒྱུར་རིག་པའི་རྒྱས་བཤད》(《翻译学通论》)ཞེས་པ་བརྩམས་ནས་ཡིག་སྒྱུར་རིག་པ་ཞེས་པའི་ཐ་སྙད་འདི་ཐོག་མར་བཏོན་པ་དང་། 1932ལོར་ཝུའུ་ཧྲུའུ་ཐེན་གྱིས《ཡིག་སྒྱུར་རྣམ་བཤད》ཅེས་པ་བརྩམས་པ། 1933ལོར་རྒྱའི་མཁས་པ་ལིན་ཡུས་ཐང་གིས་ཡིག་སྒྱུར་དཔྱད་རྩོམ་དུ་རིག་པ་ཞེས་པའི་ཚིག་འདི་ཡང་ཡང་སྤྱད་པ། 1940ལོར་ཧོང་ཅ་ཏེ་ཡིས་བསྒྲིགས་པའི《ཡིག་སྒྱུར་རིག་པའི་དཔྱད་རྩོམ་བདམས་སྒྲིག》ཅེས་པ་བཏོན་པ། 1951ལོར་ཏུང་ཆིའུ་སི་ཡིས་གལ་ཏེ་ང་ཚོས《ཀྲུང་གོའི་ཡིག་སྒྱུར་ལོ་རྒྱུས》དང《ཀྲུང་གོའི་ཡིག་སྒྱུར་རིག་པ》ཞེས་པའི་དེབ་གཉིས་འབྲི་ཐུབ་ན། ཡིག་སྒྱུར་རིག་པ་ཞེས་པ་དངོས་སུ་རིག་ཚན་ཞིག་ཏུ་གྲུབ་བོ་ཅེས“ཡིག་སྒྱུར་རིག་པ”འཛུགས་དགོས་པའི་དགོངས་ཚུལ་བཏོན་པ་སོགས་ཡིག་སྒྱུར་ཞིབ་འཇུག་ལ་གྲུབ་འབྲས་མི་དམན་ཙམ་བླངས་ཡོད་པ་གོར་མ་ཆག དེ་ལྟར་ནའང་ཀྲུང་གོའི་མཁས་པ་ཚོས་གླེང་བའི་ཡིག་སྒྱུར་རིག་པ་དང་ནུབ་ཕྱོགས་ཀྱི་ཧོ་མུའུ་སིས《ཡིག་སྒྱུར་ཞིབ་འཇུག་གི་རྣམ་པ་དང་ནང་དོན》(《翻译研究的名与实》)ཞེས་པར་གླེང་བའི་ཡིག་སྒྱུར་རིག་པ་གཉིས་མིང་ཙམ་ཆ་འདྲ་བ་ལས། གང་དེའི་ཁྱབ་ཁོངས་དང་ནང་དོན་ལ་དབྱེ་བ་ཆེན་པོ་ཡོད་པའོ། དོན་གྱི་སྙིང་པོ་མདོར་བསྒྲིལ་ན། སྐབས་དེ་དུས་རང་རྒྱལ་དུ་ཡིག་སྒྱུར་རིག་པ་ཞེས་པའི་ཐ་སྙད་ཙམ་ལས། ཞིབ་འཇུག་མང་ཆེ་བ་ཡིག་སྒྱུར་གྱི་ཤེས་བྱ་ངོ་སྤྲོད་ཙམ་གྱི་གནས་བབ་ལས་བསྒྲལ་ཐུབ་མེད་ལ། ཤེས་བྱ་ངོ་སྤྲོད་བྱེད་པ་དེའང་རགས་བཤད་ཙམ་དང་མྱོར་ཚོར་ཙམ་དུ་ཟད་ན། མུན་ཁུང་དུ་སྦར་ཉུལ་བརྒྱབ་པ་དང་མཚུངས་སོ།

    ཕྱིས་སུ་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་ཙམ་ནས་ཐན་ཙའེ་ཞི་དང་། ཏུང་སུང་ཅེ། ཀུའེ་ཆེན་ཡོན་སོགས་ཀྱི་རྩོམ་ཡིག་ཏུ་སླར་ཡང་ཡིག་སྒྱུར་རིག་པ་ཞེས་པའི་ཐ་སྙད་འདི་གླེང་བ་དང་། མཁས་པ་མི་ཉུང་བ་ཞིག་གིས་ཡིག་སྒྱུར་འདི་བཞིན་སྐད་བརྡ་རིག་པའི་རིག་ཚན་བྱེ་བྲག་པ་ཞིག་ཏུ་བརྩིས་ནས་ཞིབ་འཇུག་གི་བགྱི་བ་ཕྲག་ཏུ་བླངས། 1987ལོའི་ཟླ་བ་ལྔ་པར་ནན་ཅིང་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མའི་ཡིག་སྒྱུར་གཞུང་ལུགས་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་དང་1987ལོའི་ཟླ་བ་བདུན་པར་ཆིང་ཏའོ་རུ་འཚོགས་པའི་རྒྱལ་ཡོངས་ཀྱི་ཡིག་སྒྱུར་གཞུང་ལུགས་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་འཚོགས་པ་ནས། ཀྲུང་གོའི་ཡིག་སྒྱུར་ལས་རིགས་ཀྱི་མཁས་པ་ཚོས་ཡིག་སྒྱུར་རིག་པ་འདི་བཞིན་རིག་ཚན་རྐྱང་པ་ཞིག་ཏུ་འཛུགས་དགོས་པའི་དགོངས་ཚུལ་ཁ་གསལ་བཏོན་ཅིང་། ཡིག་སྒྱུར་འདི་བཞིན་ཚན་རིག་དང་། ལག་རྩལ། སྒྱུ་རྩལ་གང་ཡིན་མིན་དང་། ཡིག་སྒྱུར་རིག་པའི་ངོ་བོ་དང་གཞི་རྩའི་ནང་དོན། ཡིག་སྒྱུར་རིག་པ་འཛུགས་པའི་དོན་སྙིང་། ཡིག་སྒྱུར་རིག་པ་ཞེས་པ་རང་ཚུགས་ཐུབ་པའི་རིག་ཚན་ཞིག་ཏུ་གྱུར་མིན་སོགས་ལ་བགྲོ་གླེང་ཡང་ཡང་བྱས།

    ད་ཆ་རྒྱལ་ནང་དུ་ཡིག་སྒྱུར་རིག་པ་འདི་བཞིན་རིག་ཚན་རྐྱང་པ་ཞིག་ཏུ་གྲུབ་ཟིན་ཅིང་། གང་དེའི་ཞིབ་འཇུག་ལ་སྔར་མེད་ཀྱི་ཚ་རླབས་ཤིག་འཕྱུར་ནས་ཡིག་སྒྱུར་ཞིབ་འཇུག་གི་ཆེད་དེབ་ཁོ་ན་ཉུང་མཐར་ཡང་800ལྷག་ཙམ་མཆིས་ཏེ། 《ཀྲུང་གོའི་ཡིག་སྒྱུར་གཞུང་ལུགས་ཀྱི་གསུང་རྩོམ་གནད་བསྡུས》 (《中国翻译理论著作摘要》主编文军、穆雷,北京航空航天大学出版社,2009年8月第1版)ཞེས་པར་1902ལོ་ནས་2007ལོའི་བར་གྱི་གསུང་རྩོམ་754བསྡུས་ཡོད་པ་དང་། 《ལོ་བརྒྱའི་ཀྲུང་གོའི་ཡིག་སྒྱུར་ཐབས་རྩལ་ཞིབ་འཇུག》(《中国翻译研究百年回眸》 主编文军、穆雷,北京航空航天大学出版社,2007年3月第1版)ཅེས་པར་ཡིག་སྒྱུར་དཔྱད་རྩོམ་2382བསྡུས་ཡོད་པའོ། ཡིག་སྒྱུར་ཞིབ་འཇུག་གི་དཔེ་ཚོགས་དང་དུས་དེབ་མང་ལ། ལོ་ཙཱ་བ་དང་ཡིག་སྒྱུར་ཞིབ་འཇུག་མི་སྣའི་དཔུང་ཁག་སྟོབས་ཆེ་བ། སློབ་ཆེན་མང་ཆེ་བར་ཡིག་སྒྱུར་ཆེད་ལས་ཡོད་པ་སོགས་གྲུབ་འབྲས་བླ་ལྷག་ཐོབ་པའི་དཔང་པོ་ཇི་སྙེད་ཅིག་མིག་མཐོང་ལག་ཟིན་དུ་གྱུར་ན། བསྐྱར་དུ་བདེན་པའི་གསལ་ཁ་འབྱེད་པའི་དོན་རེ་ཆུང་།

    གཉིས་པ། བོད་ཀྱི་ཡིག་སྒྱུར་གཞུང་ལུགས།

    བོད་དུ་སྲོལ་རྒྱུན་ཡིག་སྒྱུར་གཞུང་ལུགས་ཀྱི་རྩིག་རྨང་བཏིངས་མེད་ན། དེང་རབས་ཡིག་སྒྱུར་གཞུང་ལུགས་ཀྱི་བརྗིད་ཆགས་ལྟ་ན་སྡུག་པའི་ཁང་བཟང་གླེང་ཐབས་བྲལ། མ་གཞི་སྲོལ་རྒྱུན་གྱི་ཡིག་སྒྱུར་གཞུང་ལུགས་ཀྱི་གྲངས་འབོར་དེ་ཙམ་མང་པོ་མེད་ལ། འགའ་ཞིག་ཁ་ཐོར་རྣམ་པའི་ཚུལ་དུ་གནས་ཤིང་། སྒོས་སུ་རིག་ཚན་རྐྱང་པ་ཞིག་ཏུ་བརྩིས་ནས་ཞིབ་འཇུག་བྱས་པ་ནི་དེ་བས་ཀྱང་མེད་དོ། དེ་ལྟར་ནའང་ལོ་ངོ་མང་པོའི་སྲོལ་རྒྱུན་གྱི་ཡིག་སྒྱུར་ལག་ལེན་ལ་མཛུབ་ཁྲིད་དང་ལམ་སྟོན་གྱི་སྒྲོན་མེ་གསལ་ལྷམ་མེར་སྤར་མྱོང་བས། ད་གཟོད་རི་བོའི་གཏོས་དང་མཉམ་པའི་བོད་ཀྱི་བཅུ་ཕྲག་རིག་གནས་འདི་གྲུབ་བོ་ཅེས་སྦོ་དགྱེད་དགྱེད་དང་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲ་བར་སྤོབས། མིག་སྔར་ལག་ཏུ་སོན་པའི་དཔྱད་གཞི་ལྟར་ན། བོད་ཀྱི་ཡིག་སྒྱུར་གཞུང་ལུགས་ཐོག་མ་སྒྲ་སྦྱོར་བམ་གཉིས་ཡིན་ཞིང་། དེར་ལོ་ཙཱ་བར་ཉེ་བར་མཁོ་བའི་གཞུང་ལུགས་ཏེ་བསྒྱུར་ཡིག་གཏན་འཁེལ་བྱེད་པའི་རྩ་དོན་ཆེན་པོ་གསུམ་དང་། བསྒྱུར་བའི་ཐབས་དམ་པ་བཞི་གཏན་ལ་ཕབ་ནས་གཞུང་ལུགས་ཀྱི་རྒྱབ་རྟེན་སྲ་ཞིང་བརྟན་པ་ཞིག་བསྐྲུན་པ་དང་། བརྡ་དང་ཐ་སྙད་མང་པོ་ཞིག་བཀས་བཅད་པ་དེས་ཐ་སྙད་གཅིག་གྱུར་དང་འགྱུར་སྤུས་ཇེ་ལེགས་སུ་འགྲོ་བར་ནུས་པ་བླ་ལྷག་ཐོན་པར་གདོན་མི་ཟའོ། དེ་་མིན་ས་པཎ་གྱི་མཁས་པ་འཇུག་པའི་སྒོར། བོད་ཀྱི་སྐད་ལ་མི་ཤེས་པ། །ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན། །འགའ་ཞིག་འགྱུར་གྱི་བྱེ་བྲག་དང་། །ཡུལ་སྐད་དག་གིས་བསྒྲིབས་པ་ཡོད། །ཅེས་དང་། འགའ་ཞིག་རྣམ་གྲངས་ནོར་བ་དང་། །ལ་ལས་ས་མཚམས་འཆུགས་པ་དང་། །ལ་ལ་མུན་སྤྲུལ་གྱིས་བསླད་པས། །སམ་སི་ཀི་རིའི་ཏའི་རྣམས་གྲངས་ཀྱི། །ལ་ལ་སྔོན་རབས་ལས་བྱུང་བའི། །གཏམ་རྒྱུད་ལེགས་པར་མི་ཤེས་པས། །མིང་གི་རྒྱུ་མཚན་མི་རྟོགས་ནས། །ལོག་པར་བསྒྱུར་བ་ཅུང་ཟད་མཐོང་། །ཞེས་ལྟ་རྒྱ་ཐོས་རྒྱ་ཆུང་བའི་སྐྱོན་དང་དྲི་མས་སྦགས་ཏེ་སྔོན་གྱི་བརྡ་དང་ཐ་སྙད་དང་། ཡུལ་ལུང་བྱེ་བྲག་པའི་སྐད་ལ་མི་བྱང་བས་རང་དགར་ཐ་སྙད་གསར་བཟོ་དང་ཐད་སྒྱུར་བྱེད་པ་སོགས་དང་། འགའ་ཞིག་གིས་ནི་སྔོན་གྱི་གཏམ་རྒྱུད་དང་ལོ་རྒྱུས་སོགས་ལ་སྒྲོ་འདོགས་མི་ཆོད་པས། དོན་ལོག་པར་བསྒྱུར་བ་སོགས་ཅི་རིགས་མཆིས་པར་སྐྱོན་ཕབ་པ་ནི་དོན་ལ་གནས་པའི་ལེགས་བཤད་ཉིད་དོ། གཞན་ཡང་དེ་ལས་འགའ་ཞིག་བོད་ལ་གོ་བདེའི་ཕྱིར། །ལེགས་པར་སྦྱར་ལ་མེད་ན་ཡང་། །ཅུང་ཟད་ལྷག་པར་བསྒྱུར་བ་ཡོད། །དེ་ལ་མཁས་པས་བཤད་མི་དགོས། །འགའ་ཞིག་དོགས་པ་བཟློག་པའི་ཕྱིར། །རྣམ་གྲངས་བཟློས་པར་བཤད་ན་ཡང་། །དེ་དག་སྐྱོན་དུ་མི་གཟུང་སྟེ། །དགོས་པ་མཐོང་ནས་བཤད་ཕྱིར་རོ། །འགའ་ཞིག་གུས་པ་བསྐྱེད་པའི་ཕྱིར། །བཟླས་པའི་ཚིག་དོན་སྦྱོར་བར་བྱེད། །ཅེས་ཚིག་ཉུང་དོན་བསྡུས་ཀྱིས་བསྣོན་སྒྱུར་དང་ཟློས་སྒྱུར་གྱི་ཐབས་མཆོག་དང་། ཞེ་ཚིག་བཀོལ་ཐབས་བསྟན་ཡོད་པའོ། དེ་བཞིན་ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་དག་ཡིག་མཁས་པའི་འབྱུང་གནས་སུ་ལོ་ཙཱའི་ཆིངས་བཅུ་དྲུག་གཏན་ལ་ཕབ་ནས་ལྷག་བསམ་དག་པའི་ཀུན་སློང་དང་། སྔོན་གྱི་བཀས་བཅད་ཀྱི་གཞུང་དང་བསྟུན་པ། ལོ་ཙཱ་བའི་ཐུན་མིན་གྱི་རྩོམ་གཤིས་ལ་བསྟུན་པ། མ་ཡིག་གི་དགོངས་པ་དང་མི་འགལ་བ་སོགས་ཀྱི་ལྟ་བ་གསལ་ཞིང་ཞིབ་པ་བསྟན་པས་མ་ཚད། སྒོས་སུ་ཚབ་སྒྱུར་ཀྱི་ཐབས་མཆོག་གསར་དུ་བཏོན་པ་སོགས་བོད་ལ་ལོ་ཙཱ་བ་མང་རུང་། གཞུང་ལུགས་ཀྱི་སྡོམ་ཚིག་ཉུང་བའི་སྟོང་ཆ་བསྐངས་ནས་ཡིག་སྒྱུར་བྱ་གཞག་ལ་མཛད་འཕྲིན་རླབས་པོ་ཆེ་བཞག་ཡོད་པའོ། མདོར་ན་འཆད་རྩོད་རྩོམ་གསུམ་གྱི་འཕྲིན་ལས་ནམ་མཁའི་མཐའ་དང་མཉམ་པའི་ས་པཎ་དང་། རྒྱ་སོག་མན་གསུམ་གྱི་སྐད་གསུམ་སྨྲ་བའི་དབང་པོ་ལྕང་སྐྱ་རོལ་པའི་རྡོ་རྗེ། སམ་བོད་ལོ་ཙཱ་བ་མཐའ་མ་རིག་པའི་དཔའ་བོ་དགེ་ཆོས་སོགས་ཀྱིས་ཉམས་མྱོང་གི་འབེལ་གཏམ་གསུངས་པ་ཡི་གེར་བསྡེབས་ན་ཉུང་རུང་། དོན་གྱི་སྙིང་པོ་ཕུན་སུམ་ཚོགས་ལ་སྤྱོད་གོ་ཆེ་བ་དང་། དེང་རབས་ཡིག་སྒྱུར་གཞུང་ལུགས་གྲུབ་པར་སྲ་ཞིང་བརྟན་པའི་རྨང་གཞི་ཞིག་བཏིངས་ཡོད་ཅེས་བཤད་ཆོག་ཆོག་ཡིན་ནོ།

    བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་བོད་ཀྱི་བཅུ་ཕྲག་རིག་པའི་སྐྱེད་ཚལ་དུ་དེང་རབས་རྒྱ་བོད་ཡིག་སྒྱུར་གྱི་མྱུ་གུ་འབུས་འགོ་ཚུགས་ཤིང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་སོགས་དེང་རབས་སྲིད་དོན་ཡིག་སྒྱུར་གྱིས་གཙོས། ཚན་རིག་དང་། བསམ་བློ་ཀུན་སྤྱོད། རྩིས་རིག དངོས་ཁམས། རྫས་འགྱུར། ས་ཁམས། རྩིས་འཁོར། སྐྱེ་ཁམས། ལོ་རྒྱུས་སོགས་རིག་ཚན་སྤྱི་ལ་ཁྱབ་པའི་ཡིག་སྒྱུར་གྱི་བརྩམས་ཆོས་ཆར་རྗེས་ཀྱི་ཤ་མོ་བཞིན་ཐོན་པ་དང་། སྒོས་སུ་རྒྱ་རིགས་ཀྱི་སྲོལ་རྒྱུན་གྱི་གྲགས་རྩོམ་ཆེན་པོ་བཞི《ཆུ་ངོགས་གཏམ་རྒྱུད》དང་། 《ཐོག་ཁང་དམར་པོའི་རྨི་ལམ》 《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར》 《རྒྱལ་རབས་གསུམ་གྱི་གཏམ་རྒྱུད》བཅས་དང་། 《ཐང་སན་བླ་མའི་རྣམ་ཐར》 《ཐང་རྒྱལ་རབས་ཀྱི་སྙན་ཚིག་གསུམ་བརྒྱ》སོགས་དང་། ཕྱི་རྒྱལ་གྱི་གྲགས་རྩོམ《མཚན་ཞག་སྟོང་གི་གཏམ་རྒྱུད》དང་། དབྱི་ཏ་ལི་རྒྱལ་ཁབ་ཀྱི་བྱིས་པའི་རྩོམ་རིག་མཁས་ཅན་ཁོ་ལུ་ཏི་ཡི་ལྗགས་རྩོམ་ལེགས་ཤོས《ཤིང་བྱིས་ཕི་ནུའོ་ཚའོའི་རྟོགས་བརྗོད》 ཐེ་ཀོར་གྱི་བརྩམས་ཆོས《གྷ་ཐན་ཀཱ་ལི》དང་། གཞན་ཤིག་སེ་ཕེར་གྱི《ཧམ་ལེཀྲི》 ཀེར་ཏེའི《གཞོན་ནུ་འོད་ཐར་གྱི་སེམས་གཅོང》སོགས་དང་། 《ཡེ་ཤུའི་གཏམ་རྒྱུད》 《ཨ་ཧྥན་ཐིས་ཀྱི་གཏམ་རྒྱུད》 《ཧ་རུའི་ཕོད་ཐར་དང་ཚེ་རྡོ》སོགས་འཛམ་གླིང་གཏམ་རྒྱུད་དང་བྱིས་སྒྲུང་གྲགས་ཅན་འགའ་ཡང་བསྒྱུར་ཡོད་ཅིང་། སྲོལ་རྒྱུན་དང་མི་འདྲ་བའི་དེང་རབས་རྒྱ་བོད་ཡིག་སྒྱུར་གྱི་རྣམ་པ་ཞིག་གྲུབ་ཡོད།

    ཡིག་སྒྱུར་ལག་ལེན་གྱི་འབྲས་བུ་བརྩམས་ཆོས་མང་དུ་ཐོན་པ་ནི་ཡིག་སྒྱུར་གཞུང་ལུགས་གྲུབ་པའི་དངོས་རྒྱུ་ཡིན་ཞིང་། གཞུང་ལུགས་ནི་ལག་ལེན་ཕྱོགས་སྡོམ་གྱི་འབྲས་བུ་ཡིན་པའི་རྒྱུ་འབྲས་ཀྱི་འབྲེལ་བ་ལས་ཤེས་ཐུབ། དེང་རབས་ཡིག་སྒྱུར་གྱི་བགྱི་བ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་བསྟུན་རྒྱ་རིགས་ཀྱི་སྲོལ་རྒྱུན་གྱི་རིགས་པའི་གཞུང་ལུགས་དང་ནུབ་ཕྱོགས་ཀྱི་ཡིག་སྒྱུར་གཞུང་ལུགས་ཟུང་དུ་འབྲེལ་བའི་རྒྱའི་དེང་རབས་ཡིག་སྒྱུར་གཞུང་ལུགས་བོད་དུ་དར་འགོ་ཚུགས་ཤིང་། དེས་བོད་རང་གི་ཐུན་མིན་གྱི་དེང་རབས་ཡིག་སྒྱུར་གཞུང་ལུགས་གྲུབ་པར་རྨང་གཞི་ལེགས་པོ་བཏིངས་ཡོད་པ་ལོ་ཙཱའི་གཞུང་ལུགས་སྨྲ་བ་ཀུན་གྱིས་ཁས་འཆེས་པའོ། བོད་ཀྱི་དེང་རབས་ཡིག་སྒྱུར་གཞུང་ལུགས་གྲུབ་པ་ལ། བོད་ཀྱི་སྲོལ་རྒྱུན་གྱི་ཡིག་སྒྱུར་གཞུང་ལུགས་ཀྱི་རྨང་གཞིའི་སྟེང་རྒྱ་རིགས་ཀྱིས་གཙོས་མི་རིགས་གཞན་གྱི་ཡིག་སྒྱུར་གཞུང་ལུགས་གྱི་ལེགས་ཆ་གང་ཡོད་དཔྱད་གཞིར་བཟུང་ནས་གྲུབ་པ་ཞིག་ཡིན་པས། བོད་རང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་ཡོད་དེ། ཁྲི་བསམ་གཏན་གྱིས་རྩོམ་སྒྲིག་མཛད་པའི《སྐད་གཉིས་སྨྲ་བའི་རིན་ཆེན་བང་མཛོད》དང་། ཚེ་དབང་ཐར་དང་ཁྲི་བསམ་གཏན་གྱི《སྐད་གཉིས་སྨྲ་བའི་སྒྲོན་མེ》 འཕྲིན་ལས་ཆོས་གྲགས་ཀྱི《བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས》 འབྲུག་ལྷ་དང་ཟླ་བ་ཚེ་རིང་གི《རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་སྒྲོན་མེ》 ལྷ་སྡུག་གི《རྒྱ་བོད་བརྡ་སྤྲོད་བསྡུར་དཔྱད་དང་སྒྱུར་ཚུལ་རྣམ་བཤད》 ཡེ་ཤེས་དོན་གྲུབ་ཀྱི《ལོ་ཙཱའི་གཞུང་ལུགས་གསར་འགྲེལ》 ཐུབ་བསྟན་དོན་གྲུབ་ཀྱི《རྒྱ་བོད་ཡིག་སྒྱུར་གཞུང་ལུགས་དང་ལག་ལེན་བློ་གསལ་འཇུག་སྒོ》 རིག་འཛིན་དང་། པད་མ་དོན་གྲུབ། ལྕགས་མོ་འཚོ་བཅས་ཀྱི《རྒྱ་བོད་ལོ་ཙཱའི་རིག་གཞུང་དང་ལག་ལེན》 ཀྲོའུ་ཅི་ཝུན་དང་པོ་ཐུང་ཧོ་ཡི《བོད་རྒྱ་རྒྱ་བོད་ཡིག་སྒྱུར་སློབ་དེབ》 ཚེ་བརྟན་རྡོ་རྗེས་རྩོམ་སྒྲིག་མཛད་པའི《ལོ་ཙཱའི་དཔྱད་བརྗོད། གཞུང་ལུགས་དང་ལག་ལེན》 ལྕང་ཆུང་བསོད་ནམས་ཚེ་རིང་གི《གསར་དུ་རྙེད་པའི་བོད་ཀྱི་ལོ་ཙཱའི་གཞུང་ལུགས་སྒྲ་སྦྱོར་བམ་པོ་གཉིས་པ་ཡི་དཔེ་རྙིང་བྲིས་མ་ཞིབ་འཇུག》 དབང་འདུས་ཚེ་རིང་དང་འཕྲིན་ལས་རྒྱ་མཚོའི《བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང》 ཞལ་ལྕེ་ལྷག་པ་ཚེ་རིང་གི《བོད་ཀྱི་ཡིག་སྒྱུར་ལོ་རྒྱུས》དང་། 《བོད་ཀྱི་ཡིག་སྒྱུར་གཞུང་ལུགས》 《རྒྱ་བོད་ཡིག་སྒྱུར་གཞུང་ལུགས་དང་ལག་ལེན》 《རྒྱ་བོད་བསྒྱུར་དཔེའི་ལྟ་ཀློག་དང་མྱོང་རོལ》བཅས། ར་ས་བསྟན་འཛིན་ཆོས་གྲགས་དང་སྐྱིད་ཆུ་བསྟན་འཛིན་ཉི་མས་བསྒྱུར་ཅིང་བསྒྲིགས་པའི《ནུབ་ཕྱོགས་ལོ་ཙཱའི་ལོ་རྒྱུས་བསྡུས་མ》སོགས་བོད་ཀྱི་ཡིག་སྒྱུར་ལོ་རྒྱུས་དང་། གཞུང་ལུགས། ལག་ལེན་བཅས་ཀྱི་དཔྱད་འབྲས་ཆེད་རྩོམ་ཁོ་ན་ཉུང་མཐར་ཡང་སུམ་ཅུར་ཉེ་བ་ཡོད་ལ། 《ལོ་ཙཱ་གླིང》དང《བོད་སྐད་ཡིག》སོགས་ལོ་ཙཱའི་རིག་གཞུང་དུས་དེབ་ཀྱང་རེ་གཉིས་ཡོད་ན། རྒྱ་བོད་ལོ་ཙཱའི་དཔྱད་རྩོམ་ནི་དགུང་གི་སྐར་ཚོགས་ཀྱི་དཔེ་ཟླར་འོས་སོ།

    གསུམ་པ། བོད་ཀྱི་ཡིག་སྒྱུར་གཞུང་ལུགས་ཀྱི་ཞན་ཆ་ཁ་སྐོང་།

    བོད་ཀྱི་ཡིག་སྒྱུར་གཞུང་ལུགས་ལ་གྲུབ་འབྲས་མི་དམན་ཙམ་ཐོབ་ཡོད་པ་ནི་མིག་ལྡན་ཀུན་གྱི་མཐོང་ཆོས་སུ་སྣང་ན་རྒྱས་བཤད་བྱེད་དགོས་དོན་མེད་ཀྱང་། མི་རིགས་གཞན་གྱི་ཡིག་སྒྱུར་གཞུང་ལུགས་ཀྱི་འཕེལ་རྒྱས་དང་བསྡུར་ན་ད་དུང་ཡང་མི་འདང་སའམ་ཞན་ཆ་མི་ཉུང་བ་ཞིག་མཆིས་པ་ནི་བདེན་དོན་ཉིད་དོ། དེས་ན་ལེགས་པའི་ཆ་མི་ཉམས་གོང་འཕེལ་དང་ཞན་ཆའམ་མི་འདང་ས་ཁ་བསྐང་རྒྱུ་ནི་གནད་ཀྱི་དམ་པ་ཡིན་ལ། བོད་ཀྱི་ཡིག་སྒྱུར་གཞུང་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་ཐབས་དམ་པའང་ངོ་།

    ༡. སྲོལ་རྒྱུན་གྱི་གཞུང་ལུགས་རྒྱུན་འཛིན།

    སྲོལ་རྒྱུན་རིག་གནས་ཀྱི་ས་བོན་མེད་ན། དེང་རབས་རིག་གནས་ཀྱི་མྱུ་གུ་འབུས་ཐབས་མེད་པས། དེང་རབས་རིག་གནས་ནི་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་སུ་སོང་བའི་འབྲས་བུའོ། དེས་ན་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་ཀྱི་འབྲེལ་བ་ནི་ཕ་བུ་དང་མ་སྨད་ལྟ་བུའི་འབྲེལ་བ་ཞིག་ཏུ་གྲུབ་ཡོད་ཅིང་། ཕ་ལས་བུ་རྫིག་པ་དང་མ་ལས་བུ་མོ་མཚར་བའི་དཔེ་བཞིན་དུ་དེང་རབས་རིག་གནས་ལ་དགེ་མཚན་དུ་མས་རྨད་རུང་། སྲོལ་རྒྱུན་གྱི་བསམ་བློའི་རྨང་གཞིའི་སྟེང་དུ་གོམ་གང་མདུན་དུ་འཕགས་པ་ལས་སྲོལ་རྒྱུན་དང་དེང་རབས་ཀྱི་དབྱེ་མཚམས་ཤིག་གྲུབ་པ་གོར་མ་ཆག དེ་ལྟར་ན་བོད་ཀྱི་དེང་རབས་ཡིག་སྒྱུར་གཞུང་ལུགས་ནི་བོད་ཀྱི་སྲོལ་རྒྱུན་གྱི་ཡིག་སྒྱུར་གཞུང་ལུགས་གྲ་ཇེ་རྒྱས་དང་འཐུས་སྒོ་ཇེ་ཚང་དུ་ཕྱིན་པའི་འབྲས་བུ་ཡིན་པ་བསྙོན་དུ་མེད། སྲོལ་རྒྱུན་གྱི་ཡིག་སྒྱུར་གཞུང་ལུགས་དང་དེང་རབས་ཀྱི་ཡིག་སྒྱུར་གཞུང་ལུགས་དབར་རྒྱུ་འབྲས་ཀྱི་འབྲེལ་བ་དེ་ལྟ་བུ་ཞིག་ཆགས་པ་དེས། ཡིག་སྒྱུར་དང་ཡིག་སྒྱུར་ཞིབ་འཇུག་གི་བགྱི་བ་ཕྲག་ཏུ་ལེན་མཁན་ཚོས་རྩམ་དྲི་མར་དྲི་འཐུལ་བའི་བོད་ཀྱི་སྲོལ་རྒྱུན་གྱི་ཡིག་སྒྱུར་གཞུང་ལུགས་ཀྱི་ལེགས་ཆའམ་དགེ་མཚན་རྒྱུན་འཛིན་སྒོས། ཞིབ་འཇུག་གི་ངལ་བ་ལྷུར་བླངས་ནས་དེང་རབས་ཡིག་སྒྱུར་གཞུང་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་ཀྱི་ཡོད། དེ་ལྟར་བྱུང་ན་གསེར་ཀོང་མར་ཁུས་བཀང་བའམ་གཡང་རྩེའི་སྒང་ལ་ཡས་སྒྲོན་གྱི་དཔེ་བཞིན་སྲོལ་རྒྱུན་གྱི་ཡིག་སྒྱུར་གཞུང་ལུགས་རྒྱུན་འཛིན་ཐུབ་ལ། དེང་རབས་ཀྱི་ཡིག་སྒྱུར་གཞུང་ལུགས་ཀྱང་འཕེལ་མེད་སོར་གནས་ཀྱི་གནས་ལས་ཡོངས་སུ་གྲོལ་ཐུབ། དེས་ན་སྲོལ་རྒྱུན་གྱི་ཡིག་སྒྱུར་གཞུང་ལུགས་ཀྱི་དཔེ་རྒྱུན་དཀོན་པོ་དཔེ་སྐྲུན་གྱི་བྱ་བར་མཐོང་ཆེན་བྱེད་དགོས་པ་དང་། སྲོལ་རྒྱུན་གྱི་ཡིག་སྒྱུར་གཞུང་ལུགས་ཀྱི་ཞིབ་འཇུག་ཐབས་ལམ་རྐྱང་པ་ནས་སྣེ་མང་དུ་བསྒྱུར་བ། སྲོལ་རྒྱུན་གྱི་ཡིག་སྒྱུར་ཞིབ་འཇུག་གི་ཆེད་ལས་འཛུགས་པ་སོགས་ནས་འགོ་འཛུགས་དགོས་སོ།

    ༢. མི་རིགས་གཞན་གྱི་དེང་རབས་ཡིག་སྒྱུར་གཞུང་ལུགས་ལ་སློབ་སྦྱོང་།

    མ་གཞི་བོད་ཀྱི་ཡིག་སྒྱུར་བྱ་གཞག་དང་ཡིག་སྒྱུར་གཞུང་ལུགས་གཉིས་ཀར་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་པ་བསྙོན་དུ་མེད་ཀྱང་། ལོ་ཙཱ་བའི་བགྱི་བ་དང་དུ་ལེན་མཁན་གྱིས་སེམས་ཆུང་ངང་མི་རིགས་གཞན་གྱི་ཡིག་སྒྱུར་གཞུང་ལུགས་ལ་སྔར་བཞིན་སློབ་སྦྱོང་བྱས་ཏེ་རང་མི་རིགས་ཀྱི་ཡིག་སྒྱུར་གཞུང་ལུགས་ཀྱི་ཞན་ཆ་བསྐང་གང་ཐུབ་ཀྱི་ལས་ལ་གཞོལ་དགོས། མིག་སྔར་ཡིག་སྒྱུར་ཞིབ་འཇུག་གི་དཔྱད་རྩོམ་དང་ཆེད་དེབ་མང་ཆེ་བ་ཁ་གཅིག་མགྲིན་གཅིག་གི་གནས་ལས་གྲོལ་མ་ཐུབ་པར་རྒྱ་བོད་ཡིག་སྒྱུར་གྱི་གཞུང་ལུགས་ཁོ་ནའི་ཞིབ་འཇུག་ལ་མགོ་བོ་འཁོར་ནས་སྡོད་པ་ལས། ཡིག་སྒྱུར་དང་རིག་ཚན་གཞན་གྱི་བར་འབྲེལ་བར་ཞིབ་འཇུག་བྱེད་པ་ཤིན་ཏུ་ཉུང་། དེས་ང་ཚོས་རྒྱ་བོད་ཡིག་སྒྱུར་དང་རྒྱ་བོད་སྐད་བརྡའི་བར་གྱི་འབྲེལ་བ་དང་། རྒྱ་བོད་ཡིག་སྒྱུར་དང་ཚིག་མཛོད་རིག་པའི་ཞིབ་འཇུག་བར་གྱི་འབྲེལ་བ། རྒྱ་བོད་ཡིག་སྒྱུར་དང་བཀས་བཅད་ཐ་སྙད་བར་གྱི་འབྲེལ་བ། རྒྱ་བོད་ཡིག་སྒྱུར་བརྡ་སྤྲོད་རིག་པའི་འབྲེལ་བ་སོགས་རིག་ཚན་དང་ཕྱོགས་མང་པོ་ནས་ཞིབ་འཇུག་བྱས་ན་ཡིག་སྒྱུར་གཞུང་ལུགས་འཛུགས་སྐྱོང་ལ་སྔར་མེད་ཀྱི་གསོན་ཤུགས་ཤིག་འཕེལ་བར་གདོན་མི་ཟའོ།

    སྐད་ཆའི་སྙིང་པོ་མདོར་བསྒྲིལ་ན། མི་འབོར་དང་བརྩམས་ཆོས་ཀྱི་གྲངས་འབོར་ལ་དབྱེ་ཞིབ་བྱས་ན། རྒྱ་བོད་ལོ་ཙཱའི་ཡིག་སྒྱུར་གྱི་བྱ་གཞག་དང་གཞུང་ལུགས་འཛུགས་སྐྱོང་གཉིས་ཀར་དགའ་འོས་པའི་གྲུབ་ཐོབ་ཡོད་པ་བསྙོན་དུ་མེད། དེ་ལྟར་ནའང་འགྱུར་རྩོམ་དང་གཞུང་ལུགས་གཉིས་ཆར་དགེ་ལས་ཞན་ཆ་མེད་པའང་མིན་ཏེ། ཕྱིས་འབྱུང་ལོ་ཙཱ་བ་ཚོས་ཡིག་སྒྱུར་བརྩམས་ཆོས་སྤུས་དག་དང་རིག་གཞུང་ཞིབ་འཇུག་གི་བྱ་བར་མུ་མཐུད་འབད་ནས་རང་མི་རིགས་ཀྱི་རིག་གནས་ཕུན་སུམ་ཇེ་ཚོགས་དང་ཡིག་སྒྱུར་གཞུང་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བར་འབད་དགོས་པ་ནི་དམ་པའི་ཆོས་ལ་བརྒྱ་ཚར་གྱི་ཚུལ་སྨྲས་པའོ།

    (བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྲིག་པུའུ་ཡི་ཟླ་བ་ཚེ་རིང་གིས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།