[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།
  • སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་བྱེད་ཐབས་སྐོར་ལ་རགས་ཙམ་དཔྱད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-09

    ཕུགས་ཀྱི་ཇུས་ཆེན་སློབ་གསོར་ཐུག་ཅེས་པ་ལྟར་སློབ་གསོ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་ཞིག་རེད། རྒྱལ་ཁབ་བམ་མི་རིགས་གང་ཞིག་ཡིན་རུང་སློབ་གསོ་རྗེས་སུ་ལུས་ན་མི་རིགས་གང་དེའི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་བཅས་རྗེས་སུ་ལུས་ངེས་སྙམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོས་མིའི་རིགས་ཀྱི་ད་ལྟའི་གནས་བབ་གཏན་འཁེལ་བྱས་ཡོད་ལ། མ་འོངས་པའི་གནས་བབ་ཀྱང་གཏན་འཁེལ་བྱེད་ཐུབ་ཅེས་གསུངས་པ་ལྟར། མ་འོངས་པའི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱང་སློབ་གསོར་རག་ལུས་ཡོད། བོད་དུ་ཞི་བའི་བཅིངས་འགྲོལ་ཐོབ་པ་དང་དུས་མཚུངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་སློབ་གསོ་བོད་དུ་རྩ་བ་ཚུགས་ཤིང་ཡལ་འདབ་རྒྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་མཛད་མཐའ་མེད་པའི་སྒུལ་ཤུགས་ཤིག་བྱིན་དང་སྦྱིན་མུས་སུ་མཆིས། རང་རེའི་ཏང་དང་རྒྱལ་ཁབ་ཀྱི་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་གནང་ཡོད། སྲིད་ཇུས་དེ་དག་ལག་བསྟར་དོན་འཁྱོལ་ཡག་པོ་ཞིག་ཡོང་མིན་ནི་སློབ་གསོའི་གཡུལ་ས་མདུན་མར་ཕྱག་ལས་གནང་བཞིན་པའི་དགེ་རྒན་ལ་ཐུག་ཡོད། དེས་ན་འདིར་ལོ་ངོ་དུ་མ་སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་བྱ་བར་གཞོལ་བའི་མྱོང་བར་བརྟེན་ནས་སློབ་ཁྲིད་བྱེད་རིང་དགེ་རྒན་གྱིས་སློབ་མའི་བསམ་བློ་ཀུན་སྤྱོད་དང་། རང་ཚུགས་ཀྱི་ཀུན་སློང་། སློབ་ཁྲིད་ཀྱི་ཐབས་ཤེས་བཀོལ་སྤྱོད་བཅས་ལ་རང་ཉིད་ཀྱི་བསམ་ཚུལ་འགའ་གླེང་ཁུལ་བྱས་པ་ལགས་སོ།

    དང་པོ། སློབ་ཁྲིད་བྱེད་སྐབས་སློབ་མའི་བསམ་བློ་ཀུན་སྤྱོད་སློབ་གསོར་སྣང་ཆེན་བྱེད་དགོས།

    ཁ་རྒྱུན་དུ་རྟོགས་པ་ལྷ་ལྟར་མཉམ་ན་ཡང་། སྤྱོད་པ་མི་དང་མཐུན་དགོས་ཞེས་པ་ལྟར་དགེ་རྒན་གྱི་ངོས་ནས་སློབ་མའི་བསམ་བློ་ཀུན་སྤྱོད་གསོ་སྦྱོང་ནི་སློབ་ཁྲིད་ཀྱི་བྱ་བར་ཆེས་གལ་འགངས་ཆེ་བའི་གནས་བབ་བཟུང་ཡོད། ཕྱི་རྒྱལ་གྱི་གྲགས་ཅན་མཁས་པ་ཡོ་ཧན་སིན་གྱིས། ཀུན་སྤྱོད་བཟང་པོ་ནི་ཤེས་ཡོན་གྱི་ཚད་མཐོན་པོར་སླེབས་པའི་རྟགས་མཚན་ཡིན་ཞེས་དང་། ས་སྐྱ་ལེགས་བཤད་ལས། ཤེས་རབ་ལྡན་པས་ཉེས་པ་དག། སེལ་བར་ནུས་ཀྱི་བླུན་པོས་མིན།། ཞེས་དང་། གལ་ཏེ་རིག་པ་ཡོད་ན་ཡང་།། སྐྱེ་བོ་རང་བཞིན་ངན་པ་སྤང་།། དུག་སྦྲུལ་ནོར་བུས་མགོ་བརྒྱན་ཀྱང་།། མཁས་པ་སུ་ཞིག་པང་དུ་ལེན།། ཞེས་གསུངས་པ་བཞིན་བསམ་བློ་དང་། ཀུན་སྤྱོད་བཟང་པོ་ཞིག་སྐྱེད་སྲིང་བྱེད་པ་ནི་རྒྱལ་ཁབ་ཕྱི་ནང་དང་། གནའ་དེང་གི་སློབ་གསོའི་ཐུན་མོང་གི་ནང་དོན་གལ་ཆེན་ཞིག་རེད། རིག་གནས་སློབ་གསོ་དང་ཀུན་སྤྱོད་སློབ་གསོ་གཞི་གཅིག་ཏུ་གྲུབ་ཡོད་ཀྱང་། རིག་གནས་ཁྲིད་པ་དང་། ཤེས་བྱ་བསླབས་རྗེས་རང་ཤུགས་སུ་ཀུན་སྤྱོད་ཚད་ལྡན་དུ་འགྲོ་བའི་ངེས་པ་མེད། དེས་ན་ང་ཚོས་ཀུན་སྤྱོད་སློབ་གསོར་མཐོང་ཆེན་བྱས་ནས་སློབ་མ་རྣམས་ཀུན་སྤྱོད་བཟང་བ་དང་། ཤེས་རིག་ལྡན་པ། ཚན་རིག་ལ་དགའ་ཞེན། ཕུགས་བསམ་ལྡན་པ་བཅས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་མཁན་ཚད་དང་ལྡན་པ་ཞིག་ཏུ་གསོ་སྐྱོང་བྱ་རྒྱུར་འབད་བརྩོན་བྱེད་དགོས།

    གཉིས་པ། སློབ་ཁྲིད་བྱེད་སྐབས་སློབ་ཕྲུག་རྣམས་སྤྲོ་སྣང་འཕེལ་བའི་ངང་སློབ་སྦྱོང་བྱེད་པའི་ནུས་པ་སྐྱེད་སྲིང་བྱེད་དགོས།

    བྱང་ཚད་སློབ་གསོ་ཁྱོན་ཡོངས་ནས་ཁྱབ་སྤེལ་སོང་གཤིས། བསླབ་གཞི་གསར་པར་སྒྱུར་བཅོས་ཀྱིས་སློབ་ཕྲུག་གི་ཤེས་རིག་དང་ཀུན་སྤྱོད་སོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་ཐབས་བྱེད་པའི་དུས་འདིར། བོད་སྐད་ཡིག་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་ཐོག་མར་སློབ་ཕྲུག་རྣམས་ལ་མི་རིགས་རང་ཉིད་ཀྱི་སྐད་ཡིག་ལ་སྦྱངས་པ་བྱེད་པའི་སྐུལ་སློང་བཟང་པོ་སྐྱེ་བར་བྱེད་དགོས་ལ། ལྷག་དོན་དུ་དགེ་སློབ་གཉིས་ཀར་སྤྲོ་སྣང་ལྡན་པའི་སློབ་སྦྱོང་གི་ཁོར་ཡུག་ཅིག་སྐྲུན་དགོས། སློབ་ཁྲིད་བྱེད་སྐབས་དགེ་སློབ་དབར་གྱི་མཐུན་སྦྱོར་ནུས་པ་གསོ་སྐྱོང་བྱས་ཏེ་དགེ་སློབ་དབར་གྲོགས་པོ་ལྟ་བུར་འགྱུར་བར་བྱེད་དགོས། དེ་ལྟར་བྱུང་ན་དགེ་སློབ་དབར་མཛའ་ཞིང་མཐུན་པ་ཡོང་བ་མ་ཟད། སློབ་མ་ཚོའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ནས་སློབ་སྦྱོང་བྱེད་འདོད་ཀྱི་བློ་ཞིག་ངང་ངམ་ཤུགས་སུ་སྐྱེ་ཐུབ། བོད་སྐད་ཡིག་སློབ་ཁྲིད་མཁན་རྣམ་པས་སྐར་མ་བཞི་བཅུའི་སློབ་ཁྲིད་བྱེད་རིང་། སློབ་མ་གཙོ་བོར་འཛིན་པའི་སློབ་ཁྲིད་ཐབས་ལམ་སྤྱད་དེ་སློབ་གསོའི་བྱ་ཐབས་ལ་སློབ་མ་ཚོའི་སློབ་སྦྱོང་བྱེད་སེམས་གང་ལེགས་སྐོང་འཐེན་བྱས་ཏེ། ཁོ་ཚོས་རང་འགུལ་ངང་སློབ་སྦྱོང་བྱེད་པའི་བསམ་བློ་གཏོང་ཐུབ་ལ། དུས་རབས་ཀྱི་འཕོ་འགྱུར་ལ་གཞིགས་ནས། ཤེས་བྱར་བརྩོན་པའི་དགོས་མཁོ་གཙོ་བོ་དེ་རྟོགས་ཐུབ་པའི་བསམ་གཞིག་ནུས་པ་གསོ་སྐྱོང་གང་ལེགས་བྱེད་དགོས། སློབ་ཁྲིད་ཀྱི་དོན་དངོས་ལས་ར་སྤྲོད་བྱས་པར། གང་ཞིག་རང་འགུལ་སྦྱོང་འདོད་ཀྱི་ནུས་པ་ཞིག་སྐྱེད་སྲིང་བྱ་རྒྱུ་དེ་ནི། གཞན་དབང་གིས་སྦྱོང་བར་སྐུལ་བའི་རྣམ་པ་ནས། རང་དབང་གིས་སྦྱོང་བའི་རྣམ་པའི་ཕྱོགས་སུ་འཕོ་འགྱུར་བྱུང་ན། གཞི་ནས་སློབ་སྦྱོང་བྱེད་རྒྱུར་སྐུལ་མ་ཐེབས་ནས་སྦྱངས་འབྲས་ཁག་ཡག་ཏུ་འགྲོ་བའི་རེ་བ་ཡོད། སློབ་ཕྲུག་གིས་སློབ་སྦྱོང་ནན་ཏན་བྱེད་པའི་རྣམ་པ་དེ་ཡང་རྒྱུ་རྐྱེན་སྣ་ཚོགས་ཡོད་པ་སྟེ། སྲོལ་རྒྱུན་སློབ་ཁྲིད་ཐབས་ལམ་རྙིང་པའི་འཆིང་རྒྱ་ལས་གྲོལ་མ་ཐུབ་པའི་དགེ་རྒན་འགའ་ཤས། བསམ་བློར་བཅིངས་འགྲོལ་མ་ཐོབ་པའི་ཁྱིམ་བདག་ཁ་ཤས་ཀྱིས་ཤོད་སྲོལ་གྱི་ཤེས་བྱ་ཡོན་ཏན་ལེགས་པོ་དབྱུག་པའི་རྩེ་ལ་ཡོད་ཅེས་པ་རྩ་བར་བཟུང་སྟེ། སློབ་མ་ལ་ལ་དགེ་རྒན་གྱིས་ཆེ་གནོན་བྱས་པར་བརྟེན། འཇིགས་སྣང་གི་འོག་ཏུ་སློབ་སྦྱོང་ནན་ཏན་བྱེད་པའི་ཚུལ་ཙམ་དང་། ལ་ལ་ནི་ཁྱིམ་བདག་གིས་དབྱུག་པའི་འོག་ནས་བཙན་འདེད་བཏང་ནས་བྱུང་བ། ལ་ལ་ནི་དགེ་རྒན་གྱིས་ཉིན་ལྟར་ལུས་དང་གྲིབ་མ་བཞིན་མ་བྲལ་བར་ལྟ་སྐུལ་བྱས་པ་ལས་བྱུང་བ་སོགས་ནི་ཚང་མ་གཞན་དབང་དུ་གྱུར་པའི་སློབ་སྦྱོང་བྱེད་ཚུལ་ཁོ་ན་ཡིན་པ་ལས། སློབ་མ་སོ་སོས་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་སྣང་ཚུལ་མ་ཡིན། དེས་ན་ང་ཚོས་སློབ་མའི་རང་འགུལ་གྱི་ནུས་པ་སྐྱེད་སྲིང་ལ་འབད་པ་ཆེན་པོ་བྱེད་དགོས་པ་གལ་ཆེའོ།

    གསུམ་པ། སློབ་ཁྲིད་ཀྱི་ཐབས་ཤེས་སྣ་ཚོགས་སྤྱད་དེ་སློབ་ཁྲིད་ལ་ཕན་འབྲས་ཐོན་རྒྱུར་ཤུགས་སྣོན་རྒྱག་དགོས།

    དེ་ཡང་སློབ་གསོའི་བྱ་བའི་ལེགས་ཉེས་ནི། སློབ་གསོའི་རྒྱུ་སྤུས་ནས་ཕྱེ་བ་ཡིན་ལ། སློབ་གྲྭ་དང་སློབ་མ་མང་ཉུང་ནས་ཕྱེ་བ་མིན། བཟོ་གྲྭ་ལྟ་བུར་ཆ་མཚོན་ན་བཟོ་གྲྭའི་བཟང་ངན་ནི། བཟོ་གྲྭ་ཆེ་ཆུང་དང་། ཐོན་རྫས་མང་ཉུང་ནས་ཕྱེ་བ་མིན་ལ། ཐོན་རྫས་རྒྱུ་སྤུས་ནས་ཕྱེ་བ་ལྟ་བུ་རེད། སློབ་གྲྭ་ནི་མི་ཡོན་ཏན་ཅན་སྐྱེད་སྲིང་བྱེད་པའི་བཟོ་གྲྭ་ལྟ་བུ་ཞིག་ཡིན་པས། དགེ་རྒན་ནི་མིའི་རིགས་ཀྱི་བསམ་བློ་སྐྲུན་མཁན་ཡིན་ཞེས་བརྗོད་པས་དེང་སྐབས་སློབ་གསོའི་སྤུས་ཚད་མཐོར་གཏོང་དང་སློབ་གསོ་སྒྱུར་བཅོས་ཀྱི་སྐབས་འདིར་སློབ་ཁྲིད་བྱེད་ཐབས་དང་ཐབས་ལམ་སྐོར་འགའ་ཞིག་བརྗོད་ན།

    1 སློབ་ཁྲིད་བྱེད་སྐབས་འཆར་གཞི་ཡོད་པའི་སྒོ་ནས་སློབ་ཁྲིད་དང་། སློབ་སྟོན་བྱེད་རྒྱུ་ནི་ཆེས་གལ་ཆེ་བའི་གནད་དོན་ཞིག་རེད། དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་འཆར་གཞི་ཡོད་པའི་སྒོ་ནས་སློབ་ཁྲིད་བྱེད་པ་དང་སློབ་མའི་སེམས་ཁམས་དང་མཐུན་པའི་བྱེད་སྒོ་མང་ཙམ་སྤེལ་དགོས། དེ་ལྟར་བྱུང་ན་སློབ་མ་ཚོར་བྱེད་སྒོའི་ཁྲོད་ནས་སློབ་སྦྱོང་བྱེད་འདོད་ཀྱི་བློ་ཞིག་སྐྱེ་ལ་ཐུན་མོང་གི་བྱེད་སྒོ་དང་ཐུན་མོང་གི་རྩ་འཛུགས་ལ་ཞུགས་འདོད་ཀྱི་སེམས་ཤུགས་ཆེ་རུ་ཕྱིན་ནས་སློབ་མའི་ཕྱོགས་གང་ཐད་གསོ་སྐྱོང་ལ་ནུས་པ་ཆེན་པོ་ཐོན་ཐུབ།

    2 སློབ་ཁྲིད་དངོས་ཀྱི་བརྒྱུད་རིམ་ནང་ཕན་ཚུན་དྲི་བ་མང་ཙམ་ལེན་དགོས།

    སློབ་ཁྲིད་ནི་དགེ་རྒན་གཅིག་པོའི་ལས་འགན་ཞིག་མ་ཡིན་པར། དེ་ནི་དགེ་སློབ་གཉིས་ཀའི་ལས་འགན་ཞིག་ཡིན་པར་བརྟེན། དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས། སློབ་ཁྲིད་ཀྱི་ཐབས་ཤེས་སྣ་ཚོགས་ལག་བསྟར་བྱེད་དགོས་ཏེ། ཐབས་ཤེས་དེ་དག་ལ་བརྟེན་ནས། གཅིག་ནས། སློབ་མའི་དོ་སྣང་དེ་སློབ་ཁྲིད་ཀྱི་ཐོག་ཏུ་འགུག་དགོས། གཉིས་ནས། དགེ་རྒན་གྱིས་བརྒྱུད་སྤྲོད་བྱས་པའི་ཤེས་བྱ་དང་། ཡང་ན་ཐབས་ཤེས་རྣམས་སློབ་མས་ཤེས་སུ་འཇུག་དགོས། དཔེར་ན། སློབ་མར་དྲི་བ་འདོན་རྒྱུ་ནི་ཐབས་ལམ་ལེགས་པོ་ཞིག་ཡིན་ལ། དེས་སློབ་མ་རྣམས་ལ་བསམ་གཞིག་དང་ལན་འདེབས་པའི་འཇོན་ཐང་དང་སྐད་ཆ་ཤོད་སྟངས་སོགས་ལ་སྦྱོང་བརྡར་ཐེབས་པར་ཕན་པ་ངེས་ཅན་ཞིག་ཐོན་ཐུབ་པ་མ་ཟད། དགེ་སློབ་དབར་གྱི་འབྲེལ་བ་བཟང་པོ་ཞིག་ཀྱང་འཛུགས་ཐུབ་ཀྱི་ཡོད།

    3 སློབ་ཁྲིད་བྱེད་རིང་རྒྱུན་དུ་རྒྱུགས་ཆུང་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

    རྒྱུགས་ལེན་པ་ནི་སློབ་མའི་ཡོན་ཚད་ཀྱི་མཐོ་དམའ་འཇལ་བྱེད་ཀྱི་ཐིག་ཤིང་ལྟ་བུ་རེད། སློབ་མར་མཚོན་ན། རྒྱུགས་ལེན་པ་དང་བློ་རྒྱུགས་སྤྲོད་པ་ནི་གཙོ་བོར་འཛིན་དགོས་པའི་སློབ་གསོའི་བྱེད་ཐབས་གལ་ཆེན་ཞིག་རེད། དགེ་རྒན་གྱིས་རྒྱུགས་ཆུང་ལེན་པར་ཤུགས་སྣོན་རྒྱག་དགོས། དགེ་རྒན་གྱིས་རྒྱུགས་ཆུང་གི་མཇུག་འབྲས་ལ་གཞིགས་ནས་སློབ་ཁྲིད་བྱེད་ཐབས་དང་། གནད་འགག་ལ་ངེས་ཤེས་བཟུང་ནས་སྒྱུར་བཅོས་དང་ཤུགས་སྣོན་བརྒྱབ་ནས་སློབ་མའི་སློབ་ཁྲིད་བྱེད་ཐབས་དང་། སློབ་གསོའི་ལས་དོན་གོང་དུ་འཕེལ་བར་བྱེད་དགོས།

    མདོར་ན། སློབ་མའི་སློབ་ཁྲིད་བྱེད་ཐབས་ཁྲོད། དགེ་རྒན་གྱིས་སློབ་གསོའི་རྩ་དོན་གཞིར་བཟུང་གནས་ཚུལ་དངོས་དང་བཟུང་དུ་འབྲེལ་ནས་སྒྱུར་བཅོས་གང་ལེགས་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་བྱེད་ཐབས་གསར་པ་གང་མང་སྤེལ་དགོས།


    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།