[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།
  • སློབ་འབྲིང་སྐད་ཡིག་སློབ་ཁྲིད་ཁྲོད་ལྷག་པའི་གནད་དོན་འགའ་ཞིག་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-13

    སློབ་འབྲིང་སློབ་མ་ནི་སློབ་སྦྱོང་དང་ལག་ལེན་སོགས་གང་ཅིར་རང་འགུལ་གྱི་ནུས་པ་ངེས་ཅན་ལྡན་པའི་དུས་རིམ་ཞིག་ཡིན་ལ། སློབ་མའི་འཚོ་བ་དང་བསམ་བློ་སོགས་ལའང་འགྱུར་ལྡོག་འགྲོ་སླ་བའི་དུས་རིམ་ཞིག་ཀྱང་རེད། དེར་བརྟེན་དུས་རིམ་དེའི་སློབ་མའི་བསམ་བློ་དང་འཚོ་བ་སོགས་ཀྱི་ཐད་ཁྲིད་སྟོན་ཡང་དག་བྱ་རྒྱུ་ནི་ཁྱིམ་བདག་དང་སློབ་མ་རང་ཉིད་ཙམ་མ་ཟད། དགེ་རྒན་གྱི་བླ་ན་མེད་པའི་འགན་འཁྲི་ཞིག་ཀྱང་རེད། སློབ་མའི་ཕྱིས་འབྱུང་སྐད་ཡིག་འཇོན་ནུས་ཇི་ཡོང་དེ་ཡང་སློབ་འབྲིང་དུས་སྐབས་ལ་སློབ་མར་སྐད་ཡིག་སློབ་ཁྲིད་ཇི་ལྟ་བུ་ཞིག་བྱེད་མིན་ལ་རག་ལུས་ཡོད་དེ། ཡང་དག་པའི་སྐད་ཡིག་སློབ་ཁྲིད་ཅིག་བྱ་རྒྱུ་ནི་སློབ་འབྲིང་དགེ་རྒན་ཞིག་གིས་སློབ་ཁྲིད་ལྟ་བ་དང་སློབ་མ་གཙོ་བོར་འཛིན་ཐུབ་མིན་གྱི་གནད་དོན་ཞིག་ཀྱང་རེད། དེར་བརྟེན་རང་ཉིད་ནས་ཡུན་རིང་སློབ་འབྲིང་སྐད་ཡིག་སློབ་ཁྲིད་བྱེད་པའི་ཉམས་མྱོང་ལ་གཞིགས་ཏེ་སློབ་འབྲིང་སྐད་ཡིག་སློབ་ཁྲིད་ཁྲོད་ལྷག་པའི་གནད་དོན་འགའ་ཞིག་རྒྱ་ཆེའི་དགེ་རྒན་རྣམས་ལ་བགྲོ་གླེང་ཚུལ་དུ་འཆད་པར་བྱ་སྟེ།

    གཅིག གཙོ་ཕལ་གྱི་ངོས་འཛིན་གསལ་པོ་དབྱེ་རྒྱུ་ནི་སྐད་ཡིག་སློབ་ཁྲིད་བྱེད་པའི་འགག་གནད་ཡིན།

    རིག་ཚན་གང་ཞིག་སློབ་སྦྱོང་བྱེད་ཀྱང་སྐད་ཡིག་ནི་མེད་དུ་མི་རུང་བ་ཞིག་ཡིན་ཏེ“སྐད་ཡིག་ནི་རིག་གནས་ཀྱི་བང་མཛོད་ཡིན་ལ། བང་མཛོད་ཀྱི་ལྡེ་མིག་ཀྱང་ཡིན” ཞེས་གསུངས་པ་ལྟར་ང་ཚོས་ཐོག་མར་རིག་ཚན་གཞན་དག་དང་སྐད་ཡིག་སློབ་ཁྲིད་དབར་གྱི་དམིགས་ཚད་དང་། ངོ་བོ། འགན་འཁྲི་མི་འདྲ་བ་གང་དག་ཡོད་པ་གསལ་རྟོགས་བྱེད་དགོས། སྐད་ཡིག་སློབ་ཁྲིད་ཀྱི་མཐར་ཐུག་དམིགས་ཡུལ་ནི་སྐད་ཡིག་གི་ལག་ཆ་བྱང་ཆུབ་པའི་ངང་ནས་བེད་སྤྱོད་བྱས་ཏེ། གནད་ལ་འཕིགས་པའི་སྒོ་ནས་ཤེས་བྱ་གཞན་དག་རྣམས་ཡང་དག་པར་བརྡ་འཕྲོད་པར་བྱ་རྒྱུ་དེ་ཡིན། དེ་ཡང་། བོད་སྐད་ཡིག་ལ་མཚོན་ན། ཡི་གེའི་དག་ཆ་ནས་འགོ་རྩོམ་སྟེ་མིང་དང་། ཚིག བརྗོད་པ། རྣམ་དབྱེ་ཕྲད་དང་བཅས་པའི་འཇུག་ཚུལ་བསླབ་རྒྱུ་དང་། ཡི་གེའི་འབྲི་ཀློག་གི་ཚུལ་ཡང་དག་པར་བསླབས་ནས་སྐད་དང་ཡི་གེའི་ཐོག་ནས་གང་བརྗོད་པར་བྱ་བའི་དོན་ནམ་ཤེས་བྱ་ཅི་རིགས་སྟོན་ཐུབ་པ་བྱ་རྒྱུ་དེ་གཙོ་བོ་ཡིན་ན་ཡང་། དགེ་རྒན་མང་པོས་འཁྲིད་བྱའི་སློབ་ཚན་གྱི་ངོ་བོ་དང་དམིགས་ཡུལ་ལ་དོ་སྣང་མ་བྱས་པའི་དབང་གིས། སློབ་ཚན་གྱི་ངོ་བོ་འགྱུར་ནས་བརྗོད་བྱའི་ནང་དོན་དབྱེ་ཞིབ་ཁོ་ན་ཙམ་ལས་འབྲེལ་ཡོད་རྩོམ་རིག་གི་ཤེས་བྱ་དང་། བརྡ་དག་གི་འཇུག་སྟངས། མིང་ཚིག་གི་སྤྱོད་སྟངས་སོགས་སྣང་མེད་དུ་འཇོག་པའི་གནད་དོན་ལྷག་གི་ཡོད། དེ་ལྟར་བྱས་ཚེ་སློབ་མས་ཕྱོགས་རྐྱང་པའི་ཤེས་བྱ་ཕྲན་ཙམ་རྟོགས་པ་ལས་ཁྲིད་བྱའི་སློབ་ཚན་གྱི་ནང་དོན་ཕྱོགས་ཡོངས་ནས་ཤེས་ཐབས་བྲལ།

    གཉིས། སློབ་ཁྲིད་ཀྱི་བྱ་ཐབས་གསར་རྙིང་ཟུང་འབྲེལ་ཐུབ་པ་བྱ་རྒྱུ་དེ་སྐད་ཡིག་སློབ་སྦྱོང་བྱེད་པའི་གཙོ་གནད་ཅིག་ཡིན།

    “སྐད་ཡིག་ནི་ལག་ཆའི་རང་བཞིན་དང་མི་ཆོས་རང་བཞིན་གཞི་གཅིག་ཏུ་འདུས་པའི་རིག་གནས་སྣང་ཚུལ་ཞིག་ཡིན” ཞེས་པ་ལྟར་སྲོལ་རྒྱུན་དང་དེང་རབས་སློབ་གསོའི་བར་བརྒལ་གྱི་དཀྱོགས་མཚམས་འདིར། སྐད་ཡིག་དམིགས་བསལ་ནུས་པ་འདོན་མཁན་གྱི་ལག་ཆ་གཅིག་པུ་དེ་ཡིན་གཤིས། དགེ་བའི་བཤེས་གཉེན་རྣམས་ཀྱིས་བསམ་བློར་བཅིངས་འགྲོལ་དང་དུས་བསྟུན་ཡར་བརྩོན་གྱིས་དུས་རབས་དང་མཐུན་པའི་སློབ་ཁྲིད་བྱེད་ཐབས་ལག་ལེན་དང་ཁྱབ་གདལ་གྱིས་སློབ་ཁྲིད་ཀྱི་བྱ་ཐབས་སྒྱུར་བཅོས་གནང་བ་ནི་ཤིན་ཏུ་དགའ་འོས་པ་ཡིན་མོད། གསར་དར་གྱི་སློབ་ཁྲིད་གནང་ཐབས་ལ་ཞེན་པའི་བཤེས་གཉེན་འགའ་རེས་སློབ་ཚན་གྲ་སྒྲིག་དང་དངོས་ཁྲིད་གཉིས་ཀའི་ནང་དུ་དགོས་ངེས་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་དང་འབྲེལ་ཡོད་གནད་དོན་གཙིགས་སུ་མི་འཛིན་པར། དུས་ཚོད་མང་དག་ཅིག་དྲ་ཐོག་ནས་བརྙན་རིས་ཕབ་ལེན་དང་གློག་ཀླད་ཀྱི་འཁྲིད་ཆས་བཟོ་རྒྱུ་སོགས་ལ་ཟད་པར་བྱེད། ལྷག་པར་དུ་ན་གཞོན་བཤེས་གཉེན་འགའ་རེས་འཁྲིད་ཆས་སྟེང་གི་ཡིག་འབྲུའི་ཚོས་གཞི་དང་འགུལ་རིས་སྣ་ཚོགས་བཟོ་བ་ནི་རང་ཉིད་ཀྱི་རྩལ་ནུས་ངོམས་པ་བྱེད་ཀྱི་ཡོད། དེ་བས་སློབ་ཁྲིད་ཀྱི་འཆར་གཞི་ཚད་ལྡན་དང་དེང་རབས་དང་སྲོལ་རྒྱུན་གྱི་སློབ་ཁྲིད་ཟུང་འབྲེལ་གྱིས་སྐད་ཡིག་གི་དགོས་མཁོ་དང་མཐུན་པ་དང་། ཚན་རིག་དང་མཐུན་པའི་སློབ་ཁྲིད་གནང་རྒྱུ་ཤིན་ཏུ་གལ་ཆེ་བའོ། མ་གཞི་འཁྲིད་ཆས་སྟེང་ཡིག་རིས་ཀྱི་ཚོན་མདོག་དང་འགུལ་རིས་སྣ་མང་སྟོན་པ་ནི་སློབ་མར་ཚོར་སྣང་གསར་པ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡིན་མོད། སློབ་འབྲིང་སློབ་མ་ཞིག་གི་ངོས་ནས་བརྗོད་ན་དེ་ལྟ་བུ་ནི་དགོས་པ་དེ་ཙམ་མེད་པར་སྣང་།

    དེར་བརྟེན་སྨྱན་སྦྱོར་སློབ་ཁྲིད་སྐབས་ཡི་གེའི་ཚོན་མདོག་དང་འགུལ་རིས་ཁོ་ན་མ་ཡིན་པར། དེང་རབས་སློབ་ཁྲིད་ཐབས་ལམ་བེད་སྤྱོད་བྱེད་པ་དང་སྦྲགས། སྲོལ་རྒྱུན་གྱི་སློབ་ཁྲིད་ཐབས་ལམ་འགའ་རེའང་བེད་སྤྱད་ཀྱིས་སློབ་ཁྲིད་ཐབས་ལམ་གསར་རྙིང་ཟུང་དུ་འབྲེལ་ཐུབ་པ་བྱ་རྒྱུ་ནི་སློབ་འབྲིང་སྐད་ཡིག་སློབ་ཁྲིད་བྱེད་པའི་གཙོ་གནད་ཅིག་ཏུ་སེམས་སོ།

    གསུམ། སློབ་མའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་སློབ་ཁྲིད་བྱ་རྒྱུ་ནི་སྐད་ཡིག་སློབ་ཁྲིད་བྱེད་པའི་ཁྱད་ཆོས་ཤིག་ཡིན།

    དེང་རབས་སློབ་ཚན་གསར་བཅོས་ཀྱི་དགོངས་དོན་ནི་སློབ་ཁྲིད་སྐབས་དགེ་རྒན་གྱིས་འཆད་རྐྱང་དང་སློབ་མས་ཉན་རྐྱང་བྱེད་པའི་སྲོལ་རྒྱུན་སློབ་ཁྲིད་མ་ཡིན་པར་སློབ་མ་གཙོ་བོ་དང་དགེ་རྒན་ཕལ་པའམ་སློབ་མ་ལྟད་མོ་བ་དང་དགེ་རྒན་ཟློས་གར་མཁན་ལྟ་བུ་ཡིན་ཞེས་པ་ལྟར་སློབ་ཁྲིད་སྐབས་དགེ་སློབ་ཟུང་དུ་འབྲེལ་ནས་སློབ་ཚན་དངོས་ལ་འཇུག་དགོས་པ་མ་ཟད། སློབ་མའི་ཤེས་ཚད་ལ་གཞིགས་པའི་སློབ་ཁྲིད་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། གལ་ཏེ་སློབ་མའི་གནས་ཚད་དང་མི་བསྟུན་པར་དགེ་རྒན་རང་ཉིད་ཀྱི་ཡོན་ཚད་ངོམས་པ་ལྟར་རྒྱས་བསྡུས་ཅི་རིགས་ཀྱིས་སློབ་ཁྲིད་ལ་འཇུག་ན་སློབ་མས་ཁྲིད་བྱའི་ནང་དོན་མི་རྟོགས་པ་མ་ཟད། སློབ་ཚན་ཧྲིལ་པོ་དོན་མེད་དུ་འགྱུར་ཉེན་ཡོད། དེ་ལྟར་སློབ་ཁྲིད་ལ་འཇུག་ན་སློབ་མའི་གནས་ཚད་ལ་དགོངས་པ་མ་བཞེས་པའམ་སློབ་ཁྲིད་བྱ་ཐབས་དང་མི་འཚམས་པ་སྟེ། ཞིང་ཆེན་དང་ལྗོངས་སློབ་གསོ་ཐིང་གི་མཉམ་དུ་སྤེལ་བའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་འགན་བབས་སློབ་གསོའི་སྐད་ཡིག་བསླབ་ཚན་གྱི་ཚད་གཞིའི་ནང་དུ་སློབ་རིམ་སོ་སོའི་སློབ་ཁྲིད་ཀྱི་སྤྱིའི་དམིགས་ཚད་དང་བྱེ་བྲག་ལོ་རིམ་སོ་སོའི་དམིགས་ཚད་གསལ་བར་གཏན་ལ་ཕབ་ཡོད་ཅིང་། སློབ་ཁྲིད་དགེ་རྒན་གྱིས་ངེས་པར་དུ་སློབ་ཁྲིད་ཀྱི་རེ་འདུན་དང་མཐུན་པ་དང་། སློབ་མའི་དངོས་ཡོད་གནས་ཚད་དང་འཚམས་པའི་སློབ་ཁྲིད་བྱེད་དགོས་པ་ཡིན་གཤིས། འགའ་ཞིག་གིས་སློབ་ཚན་འཆར་འགོད་རྩིས་མེད་དང་སློབ་མའི་དངོས་ཡོད་གནས་ཚུལ་ལ་མ་བལྟོས་པར། སློབ་མའི་ཆུ་ཚད་ལས་ཡོངས་སུ་བརྒལ་བའི་རྒྱས་བཤད་ལ་དགའ་བ་སྟེ། དཔེར་ན། སློབ་ཚན་གྱི་རྩོམ་པ་པོ་ངོ་སྤྲོད་ཁོ་ནར་སློབ་ཚན་གཉིས་ཙམ་འགོར་བ་ནི་སློབ་མ་གཉིད་ལ་འགུགས་པའི་གླུ་ཙམ་དང་། དགེ་རྒན་རང་ཉིད་ཀྱི་གསུང་རྩལ་དང་མཁྱེན་རྒྱ་ངོམ་པ་ཙམ་དུ་མཐོང་ངོ་།

    དེར་བརྟེན་སློབ་ཁྲིད་སྐབས་གཙོ་ཕལ་དབྱེ་འབྱེད་ཀྱིས་སློབ་མའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་སློབ་ཁྲིད་བྱ་རྒྱུ་ནི་སློབ་འབྲིང་སྐད་ཡིག་སློབ་ཁྲིད་བྱེད་པའི་ཁྱད་ཆོས་ཤིག་ཡིན་པར་སེམས།

    བཞི། དགེ་རྒན་གྱི་མིག་དཔེའི་ནུས་པ་མ་ཉམས་པ་ནི་སྐད་ཡིག་སློབ་ཁྲིད་བྱེད་པའི་དམིགས་འདུན་ཞིག་ཡིན།

    གཙང་མཁས་གཞན་ལ་ཕན་པར་འདོད་ཅེས་དགེ་རྒན་ནི་སློབ་མའི་ཕ་མ་གཉིས་པའམ་དགེ་རྒན་བཟང་པོས་སློབ་མ་བཟང་པོ་སྐྱོངས་ཞེས་པ་ལྟར་ང་ཚོས་རྟག་ཏུ་མིག་དཔེའི་ནུས་པ་ནི་བླ་ན་མེད་པ་ཞིག་ཡིན་པར་བཞེད་ཅིང་། དགེ་རྒན་གྱི་མཛད་སྤྱོད་མཐའ་དག་ནི་སློབ་མའི་བྱ་བྱེད་ཀྱི་དཔེ་ཚད་ལྟ་བུ་ཡིན། སློབ་མའི་སེམས་ནང་ང་ཚོ་དགེ་རྒན་ནི་ཡ་རབས་དང་། ཡང་དག་པ། རླབས་ཆེན་དང་མཛངས་པ་ལྟ་བུར་ངོས་འཛིན་བྱེད་ཅིང་དེའི་དབང་གིས་སློབ་མ་མང་པོ་ཞིག་གིས་དགེ་རྒན་གྱི་བྱེད་སྟངས་དང་བྱེད་ལུགས་སོགས་ལའང་མིག་དཔེ་བལྟ་གི་ཡོད། དེར་བརྟེན་སློབ་མ་ཞིག་ཡ་རབས་དང་དྲང་བདེན་ཅན་ཞིག་ཏུ་གསོ་སྐྱོང་བྱ་དགོས་ན་ཐོག་མར་དགེ་རྒན་རང་ཉིད་ཀྱང་ཡ་རབས་དང་དྲང་བདེན་ཅན་ཞིག་དགོས་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ། ང་ཚོས་རྒྱུན་དུ་སློབ་མར་རེ་བ་ནན་པོ་འདོན་པ་དང་སྤང་བླང་གི་འཇུག་ལྡོག་བསླབས་དང་སློབ་མུས་ཡིན་ཞིང་། ལྷག་པར་དུ་བོད་སྐད་ཡིག་སློབ་སྦྱོང་ཐད་སློབ་མར་ཡི་གེ་དག་གཙང་ལེགས་གསུམ་ཡོང་བར་སྐུལ་སློང་གནང་བའི་འོག སློབ་མའི་ཀུན་སྤྱོད་ཐད་ལའང་སྤྱོད་གཙང་ཡ་རབས་ཤིག་ཡོང་བར་འབད་བཞིན་ཡོད། འོན་ཏེ་དགེ་རྒན་རང་ཉིད་ཀྱིས་གློག་ཀླད་འཁྲིད་ཆས་དང་དངོས་གཞིའི་སློབ་ཁྲིད་གནང་སྐབས་ཡིག་ནོར་ལ་དོ་སྣང་མི་བྱེད་པ་དང་། ནག་པང་ཐོག་ཏུ་ཡི་གེ་འབྲི་སྐབས་ཡིག་གཟུགས་ཧ་ཅང་སྐྱོ་བ། སློབ་མའི་སྦྱོང་ཚན་ལ་ཧ་རི་ཧུ་རིའི་ངང་མགྱོགས་བཅོས་ཀྱིས་དག་ཆ་དང་ཡིག་གཟུགས་ལ་བཟོ་བཅོས་ནན་པོ་མི་བྱེད་པ། དཔྱད་བརྗོད་ཡང་མ་དག་པ། སྐད་ཆ་ཤོད་དུས་མ་རབས་ཀྱི་གཏམ་སྨྲ་བ་སོགས་ཀྱི་སྣང་ཚུལ་དེས་སློབ་མར་ལྡོག་ཕྱོགས་ཀྱི་དཔེ་སྟོན་དུ་འགྲོ་བས་ན་དགེ་བའི་བཤེས་གཉེན་ཡོངས་ཀྱིས་དེ་དང་དེའི་ཐད་ངེས་པར་དུ་ཡིད་གཟབ་བྱེད་རྒྱུ་ནི་སྐད་ཡིག་སློབ་ཁྲིད་བྱེད་པའི་གལ་ཆེའི་དམིགས་ཡུལ་ཞིག་ཏུ་སེམས་སོ།

    མདོར་ན། ང་ཚོས་ཡང་དག་པའི་སློབ་ཁྲིད་ལྟ་བ་ཞིག་དང་ཐབས་ཤིག་བཙལ་འཚོལ་གྱིས་ཡོད་ཚད་སློབ་མར་དམིགས་པ་དང་ཐམས་ཅད་སློབ་མའི་མདུན་ལམ་ལ་དགོངས་ཏེ། བསམ་བློ་ཡར་ཐོན་དང་དངོས་ཐོག་བདེན་འཚོལ་གྱིས་སློབ་འབྲིང་སྐད་ཡིག་སློབ་ཁྲིད་ཀྱི་དམིགས་ཚད་དེ་སྔར་བས་འཕེལ་རྒྱས་གསར་པ་ཞིག་ཏུ་ཡོང་རྒྱུ་དང་སློབ་མའི་ཤེས་ཚད་ཀྱང་སྔར་བས་འཕུར་མཆོངས་ཡོང་རྒྱུར་ང་ཚོ་སློབ་འབྲིང་སྐད་ཡིག་སློབ་ཁྲིད་པ་ཡོངས་ནས་རང་ནུས་འདོན་དགོས་རྒྱུ་ནི་ཕྲག་སྟེང་གི་བོར་དུ་མེད་པའི་འོས་འགན་ཞིག་ཏུ་སེམས་སོ།

    (བོད་ལྗོངས་ལྷོ་ཁ་གྲ་ནང་རྫོང་སློབ་འབྲིང་། ཆོས་འཛོམས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།