[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།
  • དམའ་འབྲིང་སློབ་མའི་བོད་ཡིག་སྦྱོང་འདོད་ཀྱི་བསམ་པ་སྐྱེད་སྲིང་བྱ་རྒྱུའི་ཐད་ཀྱི་བསམ་གཞིག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-13

    དེང་གི་འཚོ་བའི་ཁོར་ཡུག་འགྱུར་ལྡོག་ཕྱིན་པ་དང་བསྟུན་ནས་བོད་རིགས་སློབ་མ་འགའ་ཞིག་གི་བོད་སྐད་ཡིག་གི་དག་ཆ་དང་། རྩོམ་ཡིག་ཀློག་རྩལ། རྩོམ་འབྲིའི་ཆུ་ཚད་སོགས་ཀྱི་རྨང་གཞི་དེ་ཙམ་ལེགས་པོ་མེད་ལ། དེ་དག་ལས་འགའ་ཞིག་དམའ་འབྲིང་དུ་སླེབས་རུང་། སྒྲ་སྦྱོར་གསལ་པོས་སྦྱོར་ཀློག་མི་ཐུབ་པ་དང་། བཀླགས་ཤེས་ཀྱང་དོན་མི་གོ་བ། རང་གི་ཡིད་ལ་འཆར་བའི་དོན་ག་གེ་མོ་ཚིག་གྲུབ་དང་བརྗོད་པའང་བཟོ་མི་ཐུབ་པ་སོགས་རྨང་གཞི་ཞན་ན། ང་ཚོས་དམའ་འབྲིང་བོད་ཡིག་སློབ་མའི་བོད་ཡིག་སྦྱོང་སེམས་འཕེལ་ཐབས་བྱེད་པའི་ཐད་ལ་བསམ་གཞིག་གི་མདའ་མོ་འཕེན་དགོས་ལ། ཡང་སྒོས་དེ་ནི་བོད་ཡིག་སློབ་ཁྲིད་ལ་འཇུག་སྒོ་དང་པོའོ། དེས་ན་ཕྲན་ནས་འདིར་ལོ་མང་གི་སློབ་ཁྲིད་ཉམས་མྱོང་ལ་བརྟེན་ནས་དམའ་འབྲིང་སློབ་མའི་བོད་ཡིག་སྦྱོང་སེམས་སྐྱེད་སྲིང་ལ་ཕན་པའི་བསམ་ཚུལ་འགའ་གྲོས་ཀྱི་ཚུལ་དུ་གླེང་བར་བྱ།

    དང་པོ། དགེ་རྒན་གྱིས་སློབ་ཚན་དང་འབྲེལ་ཡོད་ལོ་རྒྱུས་ལ་རྒྱུས་མངའ་ཟབ་མོ་དགོས།

    མ་གཞི་སློབ་ཚན་གང་འདྲ་ཞིག་སློབ་ཁྲིད་བྱེད་ཀྱང་དགེ་རྒན་ཚང་མས་སློབ་ཁྲིད་གོང་གི་ཟིན་བྲིས་དང་གྲ་སྒྲིག་ལེགས་པར་ཟིན་ནས་འཆད་སྟེགས་སུ་འཛེགས་པ་ཡིན་རུང་། སྐབས་རེ་སློབ་ཚན་ལ་འགྲེལ་བཤད་ཡང་དག་དང་སློབ་ཚན་གྱི་གོ་རིམ་བཞིན་ངོ་སྤྲོད་ལས་སྐབས་བབས་ཀྱི་མི་སྣའི་ལོ་རྒྱུས་དང་ཐ་སྙད་སོགས་ངོ་སྤྲོད་བྱེད་རྒྱུ་མི་འདང་བ་དེས། སློབ་མ་མང་པོ་ཞིག་གི་སློབ་ཚན་ཉན་པའི་སྤྲོ་སྣང་རང་ཤུགས་སུ་ཉམས་ནས་གཉིད་ལ་ཡུར་བ་དང་། བློ་མི་གནས་པ་སོགས་ཀྱི་སྣང་ཚུལ་ཐོན་གྱི་ཡོད། གལ་ཏེ་དགེ་རྒན་གྱིས་རྒྱུན་གཏན་ནས་འབྲེལ་ཡོད་དཔྱད་གཞིར་མང་ཙམ་གཟིགས་ཚེ། སློབ་ཚན་ནང་དུ་འབྲེལ་ཡོད་ལོ་རྒྱུས་དང་ཐ་སྙད་ཐོན་པའི་སྐབས་སློབ་ཚན་ཁྲིད་མཚམས་བཞག་སྟེ་དེའི་འབྲེལ་ཡོད་ལོ་རྒྱུས་ངོ་སྤྲོད་བྱས་ན་སློབ་མའི་ཉོབ་མདངས་སེལ་ཏེ་ཡིད་ཀྱི་དང་བ་འདྲེན་བར་ནུས་པ་བླ་ལྷག་ཐོན་པར་གདོན་མི་ཟ།

    དཔེར་ན། རྒྱ་བོད་མཐུན་ལམ་གྱི་ལོ་རྒྱུས་དཔང་རྟགས་ཞེས་པའི་སློབ་ཚན་ནང“དར་མ་འུ་དུམ་བཙན་གྱིས་འདུལ་བའི་བསྟན་པ་བསྣུབས་པའི་རྗེས་སུ་སྐྱེས་ཆེན་དམ་པ་གཙང་རབ་གསལ་དང་གཡོ་དགེ་བྱུང་། དམར་ཤཱཀྱ་མུ་ནེ་བཅས་མདོ་སྨད་ཕྱོགས་སུ་ཕེབས་ཏེ་བཞུགས། དེ་ནས་དུས་ཡུན་གང་ཙམ་སོང་རྗེས་དབུས་གཙང་མཁས་པ་མི་བདུན་གྱིས་མདོ་སྨད་དུ་སྡོམ་རྒྱུན་ཡོད་པར་ཐོས་ཏེ་གཤེགས”ཞེས་པའི་དུམ་མཚམས་དེ་ལྟ་བུ་སློབ་ཁྲིད་བྱེད་སྐབས། དགེ་རྒན་མང་ཆེ་བས་ཚིག་དུམ་དེ་འགྲེལ་བཤད་ཙམ་ལས་དེའི་འབྲེལ་ཡོད་ལོ་རྒྱུས་དྲངས་ཀྱི་མེད། དེ་ལྟར་གྱིས་ན་བློ་རྩེ་གཅིག་སྒྲིམ་གྱིས་ཉན་ན་ཡང་སློབ་ཚན་འགྲེལ་བཤད་ཐུབ་ཙམ་རེད། གལ་ཏེ་དགེ་རྒན་གྱིས་སྐྱེས་ཆེན་དམ་པ་ཁོང་གསུམ་ལ“མཁས་པ་མི་གསུམ”ཞེས་བརྗོད་ཅིང་། དེ་ཡང“རྒྱལ་པོ་འུ་དུམ་བཙན་གྱིས་དབུས་གཙང་ཡོངས་ཀྱི་སངས་རྒྱས་བསྟན་པ་བསྣུབས་ནས་རབ་བྱུང་བ་རྣམས་རི་དྭགས་རྔོན་དུ་བཅུག་པ་དང་། གནས་ཚུལ་དེ་རི་ལ་སྒྲུབ་པ་ཉམས་ལེན་མཛད་བཞིན་པའི་ཁོང་རྣམ་པས་མཐོང་སྟེ། རི་དྭགས་བདའ་མཁན་བཙུན་པ་ལ་རབ་བྱུང་བས་རི་དྭགས་བདའ་དགོས་པའི་རྒྱུ་མཚན་ཞིབ་ཏུ་དྲིས་པས་ཁོང་ཚོས་རྒྱལ་པོས་དབུས་གཙང་ཡོངས་ཀྱི་བསྟན་པ་བསྣུབས་ནས་རབ་བྱུང་བ་ཚང་མ་རི་དྭགས་རྔོན་རྒྱུའི་བཀའ་ཆད་ཕོག་སོང་ཞེས་ཞུས་པས། ཁོང་གསུམ་སྤྲང་ཆས་སྤྲས་ཏེ་དམ་ཆོས་འདུལ་བ་དྲེའུ་ལ་བཀལ་ནས་མདོ་སྨད་ལྷོ་ངོས་སུ་ཕེབས་པས་དབུས་གཙང་མཁས་པ་མི་བདུན་གྱིས་སྡོམ་རྒྱུན་མདོ་སྨད་དུ་ཡོད་པར་ཐོས་ནས་གཤེགས”ལྟ་བུ་སློབ་ཁྲིད་ཀྱི་དཀྱིལ་དུ་འབྲེལ་ཡོད་ལོ་རྒྱུས་དྲངས་ནས་སློབ་ཁྲིད་བྱས་ན་སློབ་མའི་བློ་ཡིད་སློབ་ཚན་ཐོག་འགུགས་ཐུབ་པ་མ་ཟད། སྔར་གྱི་ལོ་རྒྱུས་ལའང་རྒྱུས་མངའ་གང་འཚམ་ཐུབ་པས་སློབ་མའི་དོགས་གནད་མང་བ་དང་ཡ་མཚན་ཆེ་བའི་སེམས་ཁམས་ཀྱི་རེ་འདོད་སྐོང་ཐུབ་པའོ།

    གཉིས་པ། སློབ་ཁྲིད་སྐབས་འཚོ་བ་དངོས་དང་ཐག་ཉེ་བ་དང་རྒྱུས་མངའ་ཆེ་བའི་དཔེར་བརྗོད་གང་མང་དྲངས་དགོས།

    དམའ་འབྲིང་བོད་སྐད་ཡིག་གི་ནང་དོན་ཕུན་སུམ་ཚོགས་པས་རྩོམ་རིག་སྐོར་གྱི་བརྩམས་ཆོས་ཙམ་མ་ཡིན་པར་ད་དུང་བརྡ་སྤྲོད་དང་སྙན་ངག་སྐོར་གྱི་ཤེས་བྱ་ཡང་སློབ་ཁྲིད་བྱེད་དགོས་ཀྱི་ཡོད། འོན་ཏེ་སློབ་མ་མང་དག་ཅིག་གིས་དགེ་རྒན་གྱི་བཤད་ཁྲིད་ཉན་ནས་དོན་ལ་གོ་བ་ལོན་ཐུབ་ཙམ་ལས་སློབ་ཁྲིད་ཀྱི་ནང་དོན་ལ་འཚམ་པའི་དཔེར་བརྗོད་བཟོ་རྩིས་གཏན་ནས་མི་བྱེད། དེ་ནི་བསླབ་གཞིའི་ནང་འཁོད་པའི་སྐྱེས་ཆེན་དམ་པ་རྣམས་ལས་སློབ་མ་རང་ཉིད་ཀྱིས་བསྒྲུབ་དཀའ་བ་ཞིག་ཡིན་པར་ངོས་འཛིན་བྱེད། དེའི་སྐབས་སུ་དགེ་རྒན་གྱིས་ནང་དོན་གོ་བདེ་ལ་རྒྱུས་མངའ་ཆེ་ཤོས་ཤིག་དཔེར་བརྗོད་དུ་བཀོད་ན་སློབ་མའི་བློ་སྒོ་འབྱེད་པར་ནུས་པ་ཆེན་པོ་ལྡན་ངེས།

    དཔེར་ན། སྙན་ངག་མེ་ལོང་ནང་གི་དཔེ་རྒྱན་གྱི་ནང་གསེས་ཕུལ་བྱུང་གི་དཔེ་ལྟ་བུ་སློབ་ཁྲིད་བྱེད་སྐབས། དགེ་རྒན་གྱིས་འཛིན་གྲྭའི་ནང་གི་གཞས་མཁས་ཤོས་དང་ལུས་རྩལ་ལེགས་ཤོས་ཀྱི་སློབ་མ་དང་། ཡང་ན་སློབ་མས་དོ་ཁུར་བྱེད་སའི་གྲགས་ཅན་གྱི་གཞས་པ་དང་ལུས་རྩལ་པ་སོགས་དཔེར་བརྗོད་ནང་དུ་བཀོད་ན་བློ་འགུགས་ཀྱི་ནུས་པ་དང་བག་ཆགས་ཟབ་པའི་ནུས་པ་ཆེན་པོ་ཐོན་ངེས་པས་དེའི་སྐོར་གྱི་ཤེས་བྱ་བློ་རྩེ་གཅིག་སྒྲིམ་ངང་ཉན་སྲིད་སྙམ་སྟེ། ཕུལ་བྱུང་གི་དཔེ་ལ།

    ལྕང་སྟེང་མཛེས་པའི་བྱིའུ་ཆུང་འཇོལ་མོ་དེས།། ཁ་གསལ་གོ་བདེའི་སྨྲ་བ་ཤོད་ཤེས་ཅིང་།། རྐང་གཉིས་བཙུགས་ཏེ་ཀྲོང་ངེར་འགྲོ་ཤེས་ན།། གྲགས་ཅན་གཞས་པ་ཀུན་དགའི་མཚུངས་དཔེར་འོས།། ལྟ་བུ་སློབ་མའི་གནས་ཚད་ལ་བརྟག་སྟེ་མངོན་བརྗོད་བརྡ་རྙིང་སོགས་གོ་དཀའ་བའི་མིང་ཚིག་མེད་ལ། བརྗོད་འདོད་ཀྱི་དཔེ་ཅན་ནི་སློབ་མ་ཚང་མས་རྒྱུས་མངའ་ཤིན་ཏུ་ཆེ་བའི་གྲགས་ཅན་གཞས་པ་ཡིན་པས་དེ་དང་འབྲེལ་ཏེ་མཚན་ཉིད་དང་རྩ་བའི་དཔེར་བརྗོད་སོགས་དབྱེ་ཞིབ་བྱས་ན་ཕུལ་བྱུང་དཔེའི་འབྲེལ་ཡོད་ཤེས་བྱ་ཡང་དག་པར་ཤེས་ཐུབ་པ་མ་ཟད། དཔེར་བརྗོད་གཞན་དབྱེ་ཞིབ་ལ་ཡང་བློ་སྒོ་འབྱེད་ཐུབ།

    གསུམ་པ། སློབ་ཕྱིའི་དཔེ་ཆ་ལྟ་ཀློག་བྱས་ནས་རྨང་གཞི་ལེགས་སུ་འགྲོ་རྒྱུར་སྐུལ་མ་གཏོང་དགོས།

    དཔེ་དེབ་བཀླག་རྒྱུའི་འཇོན་ཐང་ནི་སྐད་ཡིག་སློབ་ཚན་གྱི་རྨང་གཞིའི་ནང་ནས་ཆེས་རྨང་གཞིར་གྱུར་པ་ཡིན་ཞེས་པ་ལྟར་དགེ་རྒན་གྱིས་དཔེ་དེབ་སྣ་ཚོགས་ངོ་སྤྲོད་བྱས་ནས་སློབ་མའི་ཀློག་རྩལ་ལེགས་སུ་གཏོང་རྒྱུ་གལ་ཆེ། འོན་ཏེ་བོད་ཀྱི་རིག་གནས་ནི་ནོར་བུའི་བང་མཛོད་ལྟ་བུ་ཞིག་ཡིན་པས་ནོར་བུ་ཚང་མའི་རིན་ཐང་རྟོགས་དགོས་རྒྱུ་ནི་གལ་ཆེ་ནའང་དམའ་འབྲིང་སློབ་མའི་སེམས་ཁམས་དང་ཤེས་ཚད་དང་བསྟུན་ནས་བརྗོད་བྱ་སྣ་ཚོགས་པའི་སྒྲུང་གཏམ་གང་མང་ངོ་སྤྲོད་བྱས་ན་ལེགས་སྙམ། དཔེར་ན། རོ་སྒྲུང་དང་། ཉི་ཆོས་བཟང་པོའི་སྒྲུང་། ཨ་ཁུ་སྟོན་པའི་སྒྲུང་། ལྷ་མོའི་རྣམ་ཐར་བརྒྱད་སོགས་ངོ་སྤྲོད་བྱས་ན། སྒྲུང་དེ་དག་གི་ཚིག་སྦྱོར་སྙན་ལ་གོ་བདེ་བ། བཞད་གད་ཀྱི་ཉམས་ལྡན་ལ་ཟུར་ཟའི་རང་བཞིན་གྱིས་ཕྱུག་པ་སོགས་ཁྱད་ཆོས་སྣ་ཚོགས་ལྡན་པས། སློབ་མ་ཕལ་ཆེ་བས་ལྟ་འདོད་ལ་ཉན་སྤྲོ་བའོ། ཡང་སློབ་མ་འགའ་ཞིག་ནི་རང་འགུལ་ངང་དཔེ་དེབ་བཀླག་རྒྱུ་ལྟ་ཅི། ཐ་ན་དགེ་རྒན་གྱིས་བཀོད་སྒྲིག་བྱས་ཀྱང་བལྟ་བའི་ངེས་པ་མེད་པས། དེའི་སྐབས་དགེ་རྒན་ནས་ཐབས་བརྒྱ་ཇུས་གཏོང་གིས་སྒྲུང་དེབ་ལྟ་བའི་བསམ་བློ་སྐྱེད་སྲིང་བྱེད་དགོས་སྙམ། དེ་ཡང་དགེ་རྒན་གྱིས་སློབ་ཚན་མ་གྲོལ་གོང་དུ་སྐར་མ་བཅུ་ཙམ་བེད་སྤྱད་ནས་སྒྲུང་ག་གེ་མོའི་མདུན་གྱི་ནང་དོན་ཤོད་འགོ་ཚུགས་ནས་བྱུང་རིམ་ཚ་རླབས་ཅན་དུ་སླེབས་རྗེས་ཤོད་མཚམས་བཞག་ནས་སྒྲུང་དེབ་ངོ་སྤྲོད་བྱས་ཏེ་སློབ་མ་རང་ངོས་ནས་ལྟ་ཀློག་ལེགས་གྲུབ་བྱ་རྒྱུའི་རེ་བ་བཏོན་ན། ཚང་མས་དུས་ཐོག་ཏུ་ལྟ་ངེས་སྙམ་ལ་རིམ་བཞིན་རང་འགུལ་ངང་དཔེ་དེབ་ལྟ་བའི་གོམས་གཤིས་འཇགས་པར་ཕན་པ་ཡོད་ངེས།

    གང་ལྟར་ནང་དོན་ཅི་འདྲ་ཞིག་བཤད་ཁྲིད་བྱས་ཀྱང་དོན་དངོས་འཚོ་བ་དང་ཁ་བྲལ་བ་གཅིག་ཀྱང་མེད་པས། དགེ་རྒན་གྱིས་རྟག་ཏུ་འཚོ་བའི་ཕྱོགས་གང་ཕྱིར་ལྟ་ཞིབ་ནན་པོ་བྱེད་དགོས་ཤིང་། ཐ་ན་གློག་བརྙན་ཞིག་བལྟས་ཀྱང་སློབ་ཁྲིད་སྐབས་ནུས་པ་ཐོན་ཚེ། དྲངས་དགོས་པ་སོགས་རང་གི་མཐོང་ཐོས་ལ་སྙིགས་དོར་ལེགས་པོ་བྱས་ནས་སློབ་ཁྲིད་སྐབས་སུ་བེད་སྤྱད་ན་སློབ་མའི་གོ་བ་ལོན་སྟངས་ལ་ཕན་ཐོགས་ཆེན་པོ་ཡོད་ངེས་ལ། སློབ་མར་རྒྱུན་གཏན་ནས་འཚོ་བའི་ཁོར་ཡུག་ནང་ཉམས་ཞིབ་བྱེད་པའི་གོམས་གཤིས་ཆགས་ཐུབ།

    མདོར་ན། སྔར་གྱི“སློབ་གང་ཐུབ”དང“སྦྱངས་འབྲས་གཙིགས་སུ་འཛིན”པའི་སྲོལ་རྒྱུན་གྱི་སློབ་ཁྲིད་ལ་སྒྱུར་བཅོས་བྱས་ཏེ་བྱང་ཚད་སློབ་གསོའི་རེ་བ་དང་བསྟུན་གང་ཐུབ་བྱ་རྒྱུ་ནི་ང་ཚོའི་མིག་སྔའི་དམིགས་ཡུལ་ཉག་ཅིག་གོ ཡིན་ནའང་དགེ་རྒན་སོ་སོའི་བསམ་གཞིག་གི་ནུས་པ་མི་འདྲ་བའི་དབང་གིས་སློབ་ཁྲིད་ཀྱི་སྐབས་སུའང་རང་སོ་སོའི་ཁྱད་ཆོས་དམིགས་བསལ་རེ་ཡོད་ངེས་ཀྱང་། སློབ་མའི་སྦྱོང་སེམས་སྐུལ་སློང་བྱ་རྒྱུ་ནི་ཐབས་ཀྱི་དམ་པ་ཡིན་པ་གཅིག་མཚུངས་སོ་ཞེས་ལོ་མང་སློབ་ཁྲིད་ཀྱི་བགྱི་བ་དང་བླངས་པའི་ཉམས་མྱོང་གྲོས་ཀྱི་ཚུལ་དུ་གླེང་བ་ལ། མི་འདང་བ་དང་མི་མཐུན་པའི་ཆ་མང་དག་མཆིས་ངེས་པས་ལེགས་པའི་ཆ་དང་དང་ལེན་ཞན་ཆར་མཁྱེན་རྒྱ་ཡངས་པའི་རྒན་ལགས་རྣམ་པས་མཛུབ་སྟོན་གང་ལེགས་གནང་བར་ཞུ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།