[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།
  • སློབ་ཆུང་སློབ་མའི་སློབ་གསེང་གི་བྱེད་སྒོའི་སྐོར་ཅུང་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-13

    སློབ་གསེང་གི་བྱེད་སྒོ་ནི་སློབ་ཁྲིད་ཀྱི་འཆར་གཞི་དང་། སློབ་ཁྲིད་ཀྱི་རྩ་འཛིན། སློབ་གཞི་བཅས་ཀྱི་ཁོངས་སུ་མ་གཏོགས་པར་སློབ་མ་སོ་སོའི་སྤྲོ་བ་དང་། འདོད་བློ་ལྟར་སྤེལ་བའི་དམིགས་ཡུལ་དང་། འཆར་གཞི། སྒྲིག་འཛུགས་བཅས་ཡོད་པའི་སློབ་གསོའི་བྱེད་སྒོ་ཞིག་ཡིན་ལ། ཏང་གི་སློབ་གསོའི་མཛད་ཕྱོགས་དང་སྲིད་ཇུས་གཞིར་བཟུང་སློབ་གསོའི་དམིགས་ཡུལ་བསྒྲུབ་པའི་གལ་ཆེའི་ཐབས་ལམ་ཞིག་ཀྱང་ཅི་ལ་མིན། དེས་སློབ་མའི་ཀུན་སྤྱོད་དང་། ཤེས་རིག གཟུགས་པོ་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བ་དང་། སློབ་མའི་སློབ་གསེང་གི་འཚོ་བ་བཀོད་སྒྲིག་ལ་དགེ་མཚན་གང་ལེགས་ཐོན་དང་ཐོན་མུས་སུ་མཆིས།

    སློབ་གསེང་གི་བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱེད་ཐུབ་མིན་དང་སློབ་མའི་སྦྱངས་འབྲས་ལེགས་ཉེས་ཇི་ལྟ་བུ་ཞིག་ཡོང་མིན་འབྲེལ་བ་དམ་ཟབ་ཡོད་ལ། སློབ་གྲྭ་ཞིག་གམ་ཡང་ན་འཛིན་གྲྭ་ཞིག་གིས་སློབ་གསེང་གི་བྱེད་སྒོ་སྒྲིག་འཛུགས་ཡག་པོ་ཞིག་བྱེད་ཐུབ་ཚེ་སློབ་མའི་བསམ་བློ་དང་། ཀུན་སྤྱོད། སློབ་སྦྱོང་སོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་ན། འདིར་ཁོ་བོས་ལོ་མང་གི་ཉམས་མྱོང་དང་ཟུང་དུ་འབྲེལ་ནས་སློབ་གསེང་གི་བྱེད་སྒོར་མཐོང་ཆེན་བྱས་ཏེ་སྒྲིག་འཛུགས་ཡག་པོ་བྱེད་པའི་སྐོར་རང་བློས་གང་དཔོག་གིས་ཕྲན་ཙམ་གླེང་བར་བྱ།

    གཅིག སློབ་གསེང་གི་བྱེད་སྒོའི་དོན་སྙིང་།

    ལོ་ཆུང་བྱིས་པ་ནི་ལུས་སེམས་གང་ཆ་ནས་འཚར་ལོངས་ཀྱི་དུས་ཚོད་བཟང་ཤོས་རེད་ལ། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། སྤྲོ་སྣང་ལྡན་པ། སེམས་ཤུགས་ཆེ་བ། སེམས་རྩ་འཁོལ་བ། བྱེད་སྒོ་སྣ་ཚོགས་ལ་ཞུགས་པར་དགའ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་པས། སློབ་གྲྭ་དང་དགེ་རྒན་གྱིས་དམིགས་ཡུལ་ཡོད་པའི་སྒོ་ནས་ཁོང་ཚོ་སྒྲིག་འཛུགས་ཀྱིས་སློབ་གསེང་གི་བྱེད་སྒོ་ཁག་ལེགས་པར་སྤེལ་དགོས།

    ཚན་རིག་ལག་རྩལ་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་དེང་གི་དུས་སུ། ཚན་རྩལ་གྱི་གྲུབ་འབྲས་གསར་པ་མང་པོ་ཆར་རྗེས་ཀྱི་ཤ་མོ་བཞིན་ཐོན་པ་དེས་ལོ་ཆུང་བྱིས་པ་རྣམས་ལ་མཚར་སྣང་ཆེན་པོ་སྐྱེ་བ་དང་ཤེས་ཡོན་སྣ་ཚོགས་སྦྱོང་འདོད་ཀྱི་བསམ་འདུན་ཆེན་པོ་སྐྱེ་སྲིད། འོན་ཀྱང་སློབ་ཁང་སློབ་ཁྲིད་ཀྱིས་ཁོང་ཚོའི་འདོད་བློ་དང་དགོས་མཁོ་ཡོངས་རྫོགས་སྐོང་མི་ཐུབ་པས་ནང་དོན་ཕུན་སུམ་ཚོགས་པ་དང་། གསོན་ཉམས་ལྡན་པ། སྤྲོ་བ་འཕེལ་ཐུབ་པ་བཅས་ཀྱི་སློབ་གསེང་གི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ནས་ཁོང་ཚོའི་འདོད་བློ་སྐོང་ཐུབ་པ་བྱེད་དགོས། སློབ་གྲྭ་དང་དགེ་རྒན་གྱིས་ཞིབ་ཕྲའི་གནས་ཚུལ་དང་། ཆ་རྐྱེན། ཡུལ་བབ་བཅས་ལ་གཞིགས་ནས་སློབ་གསེང་གི་དུས་ཚོད་བེད་གང་ལེགས་སྤྱད་དེ་སློབ་གསེང་གི་བྱེད་སྒོ་ཁག་ལེགས་པར་སྤེལ་ཚེ། སློབ་གྲྭའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་སློབ་མའི་ནང་སེམས་ཀྱི་དགོས་མཁོ་སྐོང་ཐུབ་ལ། དགེ་རྒན་ལ་གུས་པ་དང་། སློབ་གྲྭར་དགའ་བ། སློབ་མར་བརྩི་བའི་བསམ་པ་སྐྱེད་སྲིང་ཐུབ་ནས་སློབ་གྲྭར་འགྲོ་བ་ནི་སྤྲོ་སྣང་འབའ་ཞིག་དང་གཟི་བརྗིད་ཅིག་ཏུ་བརློམས་སྲིད།

    གཉིས། སྣ་མང་ཅན་གྱི་བྱེད་སྒོ་ལས་སློབ་མའི་སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།

    སློབ་མ་སོ་སོའི་དགའ་ཕྱོགས་དང་འདོད་མོས་ལྟར་གཟའ་འཁོར་རེར་དུས་ཚོད་འོས་འཚམ་ཞིག་བཀོད་སྒྲིག་བྱས་ནས་སློབ་མ་རྣམས་རོལ་མོ་དང་མཛེས་རྩལ། གླུ་གར། ལུས་སྦྱོང་། སྤྱི་ཚོགས་ཀྱི་སྤྱི་ཕན་བྱེད་སྒོ། རྒྱལ་གཅེས་སློབ་གསོ། ཚན་རྩལ་གསར་གཏོད་སོགས་ལ་ཞུགས་སུ་བཅུག་ན། སློབ་མས་ཕྱི་རོལ་ཡུལ་གྱི་ངོ་མཚར་འཇིག་རྟེན་དང་སྤྱི་ཚོགས་ལ་རྒྱུས་མངའ་ལོན་པ་དང་། སློབ་མའི་སྤྲོ་སྣང་འཕེལ་བ་དང་རང་རང་གི་ནུས་པ་མཐོར་འདེགས་གཏོང་བ། གཟུགས་གཞིར་སྦྱོང་བརྡར་བཅས་ཐུབ་ལ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་འགན་སེམས་གསོ་སྐྱོང་བྱེད་ཐུབ་པ་སྨྲོས་ཅི་ལ་འཚལ། ཡང་སྒོས་སུ་དཔེ་ཆ་ལྟ་ཀློག་བྱེད་པའི་བྱེད་སྒོ་སྤེལ་ཚེ། སློབ་ཁང་ནང་སློབ་ཁྲིད་བྱས་པའི་ཤེས་བྱ་རྣམས་གཏིང་ཟབ་ཏུ་གཏོང་ཐུབ་པ་དང་། སློབ་མའི་མཐོང་རྒྱ་ཡང་ཆེ་རུ་ཕྱིན་ནས་ཤེས་ཚད་གོང་མཐོར་འགྲོ་བ། སློབ་མས་དཔེ་ཆ་ཀློག་པའི་རང་འགུལ་ཆེ་རུ་འགྲོ་བ་། མིང་ཚིག་ཕུན་སུམ་ཚོགས་སུ་འགྲོ་བ། སླད་ཕྱིན་རྩོམ་འབྲིའི་རྨང་གཞི་འདིང་རྒྱུར་ཕན་པ་སོགས་དགེ་མཚན་ལྷག་ཏུ་ཆེ་བ་ལོ་མང་གི་ཉམས་མྱོང་ལས་དཔོག་ནུས་པའོ།

    གོང་གསལ་གྱི་བྱེད་སྒོ་ཁག་ཕུད། ད་དུང་འཛིན་ཚོགས་དང་ནག་པང་ཚགས་པར་སོགས་ཀྱི་བྱེད་སྒོ་སྤེལ་ཆོག འཛིན་ཚོགས་སུ་སློབ་མའི་སློབ་སྦྱོང་དང་། ཀུན་སྤྱོད། བསམ་བློ་བཅས་ཕྱོགས་སྡོམ་བྱས་ནས་དགེ་སྐྱོན་དབྱེ་ཞིབ་ཀྱིས་སྔོན་ཐོན་ལ་བསྟོད་བསྔགས་དང་ནོར་འཁྲུལ་གྱི་བྱ་སྤྱོད་ལ་སྐྱོན་བརྗོད་དང་ཡོ་སྲང་བྱས་ཏེ་འཛིན་གྲྭའི་སློབ་མ་ཡོངས་ཡར་རྒྱས་ཡོང་བར་བྱ་ཐུབ། ནག་པང་ཚགས་པར་གཉེར་བའི་བྱེད་སྒོ་ལས་སློབ་མ་རྣམས་ལ་མཐུན་སྒྲིལ་དང་། མཉམ་སྡེབ། རོགས་རེས་ཀྱི་བསམ་བློ་བཟང་པོ་སྐྱེད་སྲིད་ཐུབ་ལ། ནག་པང་ཚགས་པར་གྱི་ནང་དོན་ལ་འཛིན་གྲྭའི་གནས་ཚུལ་དང་སློབ་མའི་རྩོམ་ཡིག ཡིག་གཟུགས། གབ་ཚིག རི་མོ་སོགས་གང་ཡང་ཡིན་ཆོག་པས། དེ་དག་ལས་སློབ་མའི་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་དང་། སྒྲིག་ལམ་སྲུང་བའི་རང་འགུལ་རང་བཞིན། སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་ལ་ཞུགས་པའི་ཧུར་སེམས་བཅས་ལ་ལྟ་སྐུལ་གང་ལེགས་བྱེད་ཐུབ།

    དོན་གྱི་སྙིང་པོ་མདོར་བསྒྲིལ་ན། དགེ་རྒན་གྱིས་སློབ་མའི་སློབ་གསེང་བྱེད་སྒོ་ཁག་ལ་སྣང་ཆེན་བྱ་རྒྱུ་ནི་རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་ལས་ལྷག་པར་མཐོང་། དེས་ན་སློབ་གྲྭ་དང་དགེ་རྒན་གྱིས་སློབ་གསེང་གི་བྱེད་སྒོ་ཁག་སྤེལ་རྒྱུར་དོ་སྣང་མ་བྱས་ཚེ། སློབ་མ་རྣམས་ཀྱི་འདོད་བློ་སྐོང་མི་ཐུབ་པ་མ་ཟད། སློབ་གྲྭའི་སྒྲིག་འཛུགས་སྒྲིག་ལམ་གཏོར་བཤིག་གཏོང་བའི་གནས་ཚུལ་སྣ་ཚོགས་ཐོན་སྲིད་པས། དེ་རིགས་མི་ཡོང་སྔོན་འགོག་བྱེད་ཆེད་སློབ་གྲྭ་དང་དགེ་རྒན་གྱིས་སློབ་གསེང་གི་བྱེད་སྒོ་ཁག་སྒྲིག་འཛུགས་དང་དེར་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་མཐོང་།

    (ལྷོ་ཁ་གྲོང་ཁྱེར་སློབ་ཆུང་གསུམ་པའི་དགེ་མིང་འཛིན་པ་ཕུར་བུ་ཡོན་ཏན་གྱིས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།