[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སྤྲོ་སྣང་ལྡན་ཞིང་སྣ་མང་ཕུན་སུམ་ཚོགས་པའི་གུང་གསེང་།

    ​—— རང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་དགུན་ཁའི་གུང་གསེང་གི་འཚོ་བའི་མཐོང་ཐོས་མྱོང་གསུམ་རགས་ཙམ་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-14

    ལོ་ལྟར་བོད་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགུན་ཁའི་གུང་གསེང་དེ“དུས་ཆེན་གསུམ”དང་ཏག་ཏག་འཁེལ་གྱི་ཡོད་པས་སེམས་ཁམས་དང་ལོ་ཚད་ཀྱི་དབྱེ་ཞིབ་ལ་གཞིགས་ན་སློབ་མ་ཚོས་དགུན་ཁའི་གུང་གསེང་དེ་སྤྲོ་སྣང་ལྡན་ལ་སྣ་མང་ཕུན་སུམ་ཚོགས་པའི་སྒོ་ནས་དགའ་གཏོང་བྱེད་ཀྱི་ཡོད། དུས་རྒྱུན་ཁྱིམ་བདག་མང་པོ་ཞིག་ལས་ཀས་རྐྱེན་པས་ཕྲུ་གུ་དང་མཉམ་དུ་སྡོད་པའི་དུས་ཚོད་མང་པོ་མེད། དགུན་ཁའི་གུང་གསེང་རིང་ཁྱིམ་བདག་འགའ་ཞིག་གིས་ཕྲུ་གུ་དང་མཉམ་དུ་ཡུལ་སྐོར་དུ་སྐྱོད་རྒྱུའི་གདམ་ག་བྱས་ནས་རང་ཉིད་དང་ཕྲུ་གུའི་དབར་གྱི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་ཆབས་ཅིག་ཕྲུ་གུས་ཕྱིའི་འཇིག་རྟེན་དེ་བས་མང་བ་ཤེས་རྟོགས་བྱས་ནས་མིག་རྒྱང་རིང་དུ་གཏོང་རོགས་བྱེད་ཀྱི་ཡོད། ཡང་ཁྱིམ་བདག་འགའ་ཞིག་གིས་དགུན་ཁའི་གུང་གསེང་གི་དུས་ཚོད་སྤྱད་དེ་ཕྲུ་གུ་ཟབ་སྦྱོང་འཛིན་གྲྭ་དང་དགའ་ཕྱོགས་གསོ་སྦྱོང་འཛིན་གྲྭར་ཐོ་བཀོད་ནས་ཕྲུ་གུའི་སྤྲོ་སྣང་དང་དགའ་ཕྱོགས་འཕེལ་རོགས་བྱེད་ཀྱི་ཡོད། མདོར་བསྡུས་ན་ཁྱིམ་བདག་ཚང་མས་ནུས་ཤུགས་ཡོད་རྒུ་བཏོན་ཏེ་ཕྲུ་གུ་རྣམས་སྣ་མང་ཕུན་སུམ་ཚོགས་པའི་དགུན་ཁའི་གུང་གསེང་ཞིག་གཏོང་ཐུབ་པ་བྱེད་ཀྱི་ཡོད།

    དགུན་ཁའི་གུང་གསེང་རིང“བསྐྱར་སྦྱོང”བྱས་ནས་སློབ་དུས་གསར་པར་རྨང་གཞི་བཏིང་བ།

    ལོ་ལྟར་དགུན་ཁའི་གུང་གསེང་སླེབས་སྐབས་ལྷ་སའི་གསོ་སྦྱོང་སློབ་གྲྭ་ཆེ་ཁག་དང་དེ་བཞིན་ཟབ་སྦྱོང་འཛིན་གྲྭ་རྣམས་སློབ་འགོ་ཚུགས་ཀྱི་ཡོད། སྒྲོག་ཙེ་དང་རྐུབ་སྟེགས་དེ་བཞིན་སློབ་ཚན་མང་དུ་གཏོང་བ་དང་དགེ་རྒན་གདན་ཞུ་བྱེད་པ་སོགས་སྔོན་ནས་གྲ་སྒྲིག་ཨང་བསར་བྱས་ཡོད་པ་རེད།

    དགུན་ཁའི་གུང་གསེང་དུས་ཡུན་རིང་ཙམ་ཡོད་པ་ནི་ཕྲུ་གུས“བསྐྱར་སྦྱོང”བྱེད་པའི་དུས་ཚོད་ཡག་ཤོས་ཡིན་པ་དང་། ཁྱིམ་བདག་མང་པོ་ཞིག་གིས་གུང་གསེང་མ་བཞག་གོང་ནས་ཕྲུ་གུའི་གུང་གསེང་ལ་བཀོད་སྒྲིག་བྱས་ཟིན་ཡོད། སློབ་དུས་གསར་པའི་སློབ་སྦྱོང་གི་རྨང་གཞི་ལེགས་པོ་འདིང་ཆེད། ཁྱིམ་བདག་གིས་སྤྱིར་བཏང་ཐོག་དགུན་ཁའི་གུང་གསེང་རིང་ཕྲུ་གུ་ཟབ་སྦྱོང་འཛིན་གྲྭར་མིང་ཐོ་འགོད་ཀྱི་ཡོད།

    ཉེ་ཆར་གསར་འགོད་པས་དམག་དམངས་ལམ་གྱི་ཁ་བཏགས་ཁུལ་ཆུང་གི་གངས་རྩེ་སློབ་གསོའི་སློབ་གྲྭ་བརྒྱུད་ནས་འགྲོ་སྐབས་དགུན་ཁའི་གུང་གསེང་རིང་གསབ་ཁྲིད་ཀྱི་སློབ་སྦྱོང་ནང་ཞུགས་མཁན་སློབ་མ་ཧ་ཅང་མང་པོ་ཡོད་པ་མཐོང་བྱུང་། སློབ་གྲྭ་དེའི་འགན་འཁུར་བ་འཕྲིན་ལས་ཆོས་གྲགས་ཀྱིས་གསར་འགོད་པར། ཁོང་ཚོའི་སློབ་གྲྭ་སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ལ་སློབ་ཁྲིད་བྱེད་འགོ་ཚུགས་པ་དང་དགོང་མོའི་ཆུ་ཚོད་9དང་སྐར་མ་30ལ་སློབ་ཚན་གྲོལ་གྱི་ཡོད། ཁྱོན་འཛིན་གྲྭ་བཞི་དང་དུས་མཚམས་གསུམ་ལ་དབྱེ་ནས་སློབ་མར་བོད་ཡིག་གསབ་ཁྲིད་བྱེད་ཀྱི་ཡོད་ཅེས་བཤད།

    སློབ་མའི་རིག་པར་གཞིགས་ཏེ་སློབ་ཁྲིད་བྱས་ནས་སློབ་སྦྱོང་དང་རོལ་རྩེད་གཉིས་ཀ་འཐུས་ཤོར་མི་ཡོང་བ་བྱེད་པ།

    ཕྲུ་གུ་ཚང་མའི་དགུན་ཁའི་གུང་གསེང་གི་འཚོ་བ་སྐྱེལ་སྟངས་གཅིག་པ་མིན། གསར་འགོད་པས་ཤེས་རྟོགས་བྱུང་བར། མིག་སྔར་གསབ་ཁྲིད་འཛིན་གྲྭར་སྐྱོད་མཁན་གྱི་ཕྲུ་གུ་རིགས་གསུམ་ཡོད་པ་སྟེ། རིགས་དང་པོ་ནི་ཕྲུ་གུས་རང་མོས་ངང་གསབ་ཁྲིད་འཛིན་གྲྭར་སྐྱོད་འདོད་ཡོད་པ་དང་། རིགས་གཉིས་པ་ནི་ཁྱིམ་བདག་དང་ཕྲུ་གུས་གྲོས་བསྡུར་བྱས་རྗེས་གསབ་ཁྲིད་འཛིན་གྲྭ་གདམ་གསེས་བྱེད་པ། རིགས་གསུམ་པ་ནི་ཁྱིམ་བདག་གིས་ཕྲུ་གུ་གསབ་ཁྲིད་འཛིན་གྲྭར་བསྐྱོད་རྒྱུའི་རེ་བ་བཏོན་པ་བཅས་སོ།

    གསབ་ཁྲིད་འཛིན་གྲྭའི་གནས་ཚུལ་གྱི་ངོས་ནས་བརྗོད་ན། ཁྱིམ་བདག་འགའ་ཞིག་གིས་ཕྲུ་གུའི་སློབ་སྦྱོང་གི་སྦྱངས་་འབྲས་མཐོ་རུ་གཏོང་ཆེད་ཕྲུ་གུའི་སྦྱངས་འབྲས་ཐོག་མའི་འགོ་འཛུགས་ས་ནས་རྗེས་ལུས་མི་ཐེབས་པ་བྱས་ཏེ་ཕྲུ་གུ་རྣམས་རིག་གནས་སློབ་ཚན་གྱི་གསབ་ཁྲིད་འཛིན་གྲྭར་མིང་ཐོ་འགོད་ཀྱི་ཡོད་པ་དང་། སློབ་རིམ་འཕར་བའི་གནོན་ཤུགས་འཕྲད་པའི་སློབ་ཐོན་འཛིན་གྲྭའི་སློབ་མ་མང་ཆེ་བས་ཀྱང་རིག་གནས་སློབ་ཚན་གསབ་སྦྱོང་བྱེད་ཀྱི་ཡོད། ཁྱིམ་བདག་འགའ་ཤས་ཀྱིས་ཕྲུ་གུའི་རིག་རྩལ་དང་ལུས་རྩལ་འཕེལ་རྒྱས་ལ་མཐོང་ཧ་ཅང་ཆེན་པོ་བྱས་ནས་ཕྲུ་གུས་རང་གཤིས་འདོན་སྤེལ་བྱེད་པ་དང་རང་མགོ་ཐོན་པར་བྱས་ཏེ་ཕྲུ་གུར་གདམ་གསེས་རང་བཞིན་ལྡན་པའི་སྒོ་ནས་དགའ་སྣང་འཛིན་གྲྭ་འགའ་ཞིག་ལ་མིང་ཐོ་འགོད་ཀྱི་ཡོད་པ་རེད།

    དཔེ་དེབ་མང་པོ་བལྟས་པ་དང་ཡུལ་སྐོར་ལེ་དབར་ཁྲི་གཅིག་བསྐྱོད།

    ཕྲུ་གུར་སློབ་དེབ་མང་ཙམ་ལྟ་ཀློག་བྱེད་དུ་འཇུག་རྒྱུ་ནི་ཕྲུ་གུའི་ལྟ་ཀློག་དང་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱེད་པའི་འགག་རྩ་ཞིག་རེད།

    སློབ་མའི་ཁྱིམ་བདག་ཚེ་སྒྲོན་གྱིས་གསར་འགོད་པར། ཁོང་གི་བུ་མོ་ནོར་སྒྲོན་དཔེ་དེབ་བལྟ་རྒྱུར་ཧ་ཅང་དགའ་པོ་ཡོད། དཔེ་དེབ་ནི་བུ་མོའི་གྲོགས་པོ་ཡག་ཤོས་སུ་གྱུར་ནས་ཁོ་མོའི་ལྟ་རྒྱ་དང་ཐོས་རྒྱ་ཡངས་པར་ཕྱེ་ཡོད་ཅེས་བཤད།

    “དཔེ་དེབ་ཁྲི་ཕྲག་བལྟ་བ”དང“ལེ་དབར་ཁྲི་ཕྲག་སྐྱོད་པ”ནི་གཅིག་ལ་གཅིག་བརྟེན་ཡིན། དཔེ་དེབ་ཁྲི་ཕྲག་བལྟས་རྗེས་ཕྱི་ལ་སྐྱོད་ནས་ལྟ་ཙམ་དང་དཔེ་དེབ་ཁྲོད་བརྗོད་པའི་གནས་ཚུལ་མྱོང་རོལ་བྱས་ཚེ་གཞི་ནས་དཔེ་དེབ་ཁྲོད་བརྗོད་པའི་བརྩེ་སེམས་དངོས་མྱོང་ཚོར་བྱེད་ཐུབ། “ལོ་ལྟར་ངས་བུ་མོ་ཁྲིད་ནས་སྲོག་ཆགས་གླིང་དང་། རྩི་ཤིང་གླིང་། གནའ་ཤུལ་གྲགས་ཅན། སྐད་གྲགས་ལྡན་པའི་མཛེས་ལྗོངས་ཁུལ་བཅས་སུ་སྐྱོད་རྗེས་བུ་མོས་མཐོང་བའི་ཡུལ་ལྗོངས་དང་། སྲོག་ཆགས། མི་བཅས་འབྲི་རུ་འཇུག་གི་ཡོད་པས་ཕྲུ་གུའི་རྩོམ་འབྲིའི་ནུས་པ་མཐོ་རུ་གཏོང་ཐུབ་པ་མ་ཟད་ཡུལ་སྐོར་བྱེད་རིང་ཕྲུ་གུས་མི་གཞན་དང་འབྲེལ་འདྲིས་བྱེད་སྟངས་ལའང་སྦྱོང་བརྡར་ཐེབས་ཀྱི་ཡོད་པས་དཀའ་ལས་བརྒྱབ་ཚེ་འབྲས་བུ་ཐོབ་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་ཚེ་སྒྲོན་གྱིས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།