[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་མའི་སྦྱོང་ཚན་བཀོད་སྒྲིག་བྱེད་སྟངས་ཐད་ཀྱི་བསམ་ཚུལ་རགས་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-28

    སྦྱོང་ཚན་བཀོད་སྒྲིག་ནི་སྔར་སྦྱངས་ཟིན་པའི་ཤེས་བྱ་ཁག་སྲ་བརྟན་དང་ད་ལྟ་སྦྱོང་བཞིན་པའི་ཤེས་བྱར་གོམས་འདྲིས་ཡོང་ཆེད་ཀྱི་སྦྱོང་བརྡར་གལ་ཆེན་ཞིག་རེད། དེར་བརྟེན་སྦྱོང་ཚན་བཀོད་སྒྲིག་བྱེད་སྟངས་ཐད་དགེ་རྒན་རྣམ་པས་དོ་སྣང་བྱེད་དགོས་པའི་གནས་ཚུལ་མང་པོ་ཡོད་པ་སྨོས་མེད་རེད། དེའི་ཐད་རང་ཉིད་ཉམས་མྱོང་དེ་ཙམ་མི་ཆེ་ཡང་འདིར་སྐབས་སུ་བབ་པའི་སྦྱོང་ཚན་བཀོད་སྒྲིག་ཇི་ལྟར་བྱས་ན་འཚམ་མིན་ཐད་རང་བློར་འཆར་ཚོད་ཙམ་ཞིག་དཔྱད་གཞིར་འབུལ་བ་ལ་ཆ་མི་ཚང་བ་དང་དོན་ལ་མི་གནས་པ་སོགས་ཅི་རིགས་ཡོང་སྲིད་པས་ལྷན་རྒྱས་ནས་བསམ་འཆར་ལྷུག་སྩོལ་གནང་རྒྱུར་ལྷག་བསམ་ཟོལ་མེད་ཀྱིས་རེ་བ་ཞུ།

    དང་པོ། སློབ་མའི་དོན་དངོས་ཀྱི་ནུས་པ་སྐྱེད་སྲིང་ལ་སྨན་པའི་སྦྱོང་ཚན་བཀོད་སྒྲིག་བྱེད་དགོས། 

    ད་ལྟ་སློབ་གྲྭའི་ནང་སློབ་སྦྱོང་བྱེད་པ་དང་སྦྱོང་ཚན་འབྲི་བའི་དགོས་དམིགས་ནི་སློབ་མའི་དངོས་ཡོད་ཀྱི་ནུས་པ་སྔོག་འདོན་དང་སྐྱེད་སྲིང་བྱས་ཏེ་སྤྱི་ཚོགས་ཐོག་ལས་དོན་དངོས་ལ་ཞུགས་སྐབས་ཤེས་འཇོན་གཉིས་ལྡན་གྱི་མི་གོ་ཆོད་ཅིག་ཡོང་བའི་ཆེད་དུ་ཡིན་པས། དངོས་ཡོད་ཀྱི་འཚོ་བ་དང་ཤེས་སྤྱོད་དང་འཇོན་རྩལ་གོང་སྤེལ་ལ་འབྲེལ་བ་དེ་ཙམ་མེད་པའི་ཤེས་བྱ་སྐམ་པོའི་རྣམ་གྲངས་བསྒྲིག་རྒྱུ་ལ་དུས་ཚོད་དང་ངལ་བ་ཆུད་ཟོས་སུ་མི་གཏོང་བར། སློབ་མའི་འབྲི་ཀློག་ཉན་བཤད་བསམ་དཔྱད་ཀྱི་དོན་དངོས་ཀྱི་ནུས་པ་སྦྱོང་བརྡར་ལ་ཕན་པ་དང་། སྤྱི་ཚོགས་ཀྱི་འཚོ་བ་དང་ཁ་ཐག་ཇེ་ཉེར་གཏོང་རྒྱུར་འབྲེལ་བ་ཡོད་པའི་གནད་དོན་རིགས་བཀོད་སྒྲིག་བྱེད་དགོས། 

    གཉིས་པ། སློབ་སྦྱོང་གི་སྤྲོ་སྣང་འཕེལ་བ་དང་བློ་སྒོ་འབྱེད་པའི་སྦྱོང་ཚན་བཀོད་སྒྲིག་བྱེད་དགོས། 

    སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བ་དང་བློ་སྒོ་འབྱེད་ཐབས་ཇི་ལྟར་བྱེད་པར་དཔྱད་པ་མི་གཏོང་བར་གནས་སྐབས་དང་མི་འཚམ་པ་དང་གནད་ལ་མི་འཕྲོད་པའི་སྦྱོང་ཚན་བཀོད་སྒྲིག་བྱེད་མི་རུང་བ་དང་། བློ་སྒོ་འབྱེད་པར་ཕན་ཐོགས་མེད་པའི་དྲི་བ་སྐམ་པོ་རེའམ་སྦྱོང་ཚན་ལྟར་སྣང་རེ་དེ་བས་འཇོག་མི་རུང་། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་དང་བསམ་གཞིག་གི་ནུས་པ་གོང་དུ་འཕེལ་ཆེད། དྲི་བ་འདི་ལ་དྲིས་ལན་འདི་ལྟར་འདེབས་དགོས་སོ་ཞེས་པ་ལྟ་བུའི་ཨུ་ཚུགས་བློ་འཛིན་བྱ་དགོས་པའི་རིགས་ཀྱི་སྦྱོང་ཚན་ནམ་དྲི་བ་ཇེ་ཉུང་དུ་བཏང་སྟེ། སློབ་ཚན་དངོས་གཞིའི་ནང་དོན་དང་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་འབྲེལ་བའི་གསོན་ཉམས་ལྡན་པའི་སྦྱོང་ཚན་དང་། བློ་སྒོ་འབྱེད་ཐུབ་པའི་སྦྱོང་ཚན་བཀོད་སྒྲིག་བྱུང་ན་སློབ་མས་རང་འགུལ་ངང་སློབ་སྦྱོང་དང་བསམ་གཞིག་བྱེད་པའི་ནུས་པ་དང་གོམས་གཤིས་འཇགས་ནས་སྦྱངས་འབྲས་ཡར་རྒྱས་མགྱོགས་པོ་ཡོང་ཐུབ། གསུམ་པ། ཁྲིད་གཞིའི་སྙིང་པོ་བསྡུས་ཏེ་གནད་འགག་སེལ་བའི་སྦྱོང་ཚན་བཀོད་སྒྲིག་བྱེད་དགོས། 

    སློབ་ཚན་གང་ཞིག་ཡིན་རུང་བརྗོད་བྱའི་སྙིང་པོ་མ་ཟིན་པའི་བཤད་པ་དང་། བརྗོད་དོན་གནད་འགག་མ་གྲོལ་བའི་བཤད་པ་མང་དྲགས་ན་མགོ་རྙོག་པའི་རྒྱུ་རུ་འགྲོ་བ་ལས་དོན་ལ་ཕན་པའི་འབྲས་བུ་ཡག་པོ་ཞིག་མི་འབྱུང་ཆོས་ཉིད་དུ་སོང་བར་བརྟེན། དགེ་རྒན་རྣམ་པས་དུས་རྒྱུན་སྦྱོང་ཚན་བཀོད་སྒྲིག་གང་བྱས་ཀྱང་སྐྲ་རྐང་གཅིག་གི་རྩེ་མོ་ནས་འཐེན་ན་ལུས་ཡོངས་འགུལ་ཐུབ་པ་ལྟར། ཁྲིད་བྱའི་སྙིང་པོ་གཅིག་ཏུ་བསྡུས་ཏེ་གཅིག་ཤེས་ཀུན་གྲོལ་ཡོང་ཐབས་ལ་འབད་རྒྱུ་དང་། སློབ་མའི་ཐེ་ཚོམ་དང་དོགས་གནད་སེལ་ཐབས་ལ་འབད་རྒྱུ་གལ་ཆེ། 

    བཞི་པ། དགེ་རྒན་ཕན་ཚུན་གྲོས་མོལ་བྱས་ཏེ་སྦྱོང་ཚན་མང་ཉུང་འོས་འཚམ་བཀོད་སྒྲིག་བྱེད་དགོས། 

    དགེ་རྒན་ཉུང་ཤས་ཀྱིས་སློབ་སྦྱོང་གི་སྤུས་ཚད་ལ་སྣང་འཇོག་དེ་ཙམ་མི་བྱེད་པར་སྦྱོང་ཚན་ཇི་ཙམ་མང་ན་དེ་ཙམ་གྱིས་ཤེས་ཚད་ཇེ་བཟང་དུ་འགྲོ་བར་སྙམ་ནས་སྦྱོང་ཚན་མང་པོ་སྡེབ་གཅིག་ལ་བཀོད་སྒྲིག་བྱས་པ་དེ་སློབ་མའི་ཁུར་པོར་གྱུར་ཏེ། གང་མགྱོགས་ཚར་ཐབས་ཁོ་ནར་བསམས་ནས་བྲིས་པས་ཕན་འབྲས་མི་ཐོན་པ་བརྗོད་མི་དགོས་པ་རེད། དཔེར་ན། བོད་ཡིག་རྒན་ལགས་གཅིག་པུས་སློབ་ཚན་གཅིག་གི་ནང་དོན་གཅིག་ཚར་བཅུ་ཀློག་རྒྱུ་དང་འབྲི་རྒྱུ་བཀོད་སྒྲིག་བྱས་པ་ཡིན་ན། སློབ་མས་ཀྱང་སྒྱིད་ལུག་དང་དཀའ་སྣང་འཚེར་སྣང་དང་བཅས་གང་བྱུང་དུ་བྲིས་པར་རིམ་གྱིས་གོམས་ན་རྗེས་སུ་བྱ་བ་གང་ལ་ཡང་གཟབ་ནན་ཞིབ་ཚགས་མེད་པར་ཧོལ་རྒྱུག་བྱེད་པ་དང་། མ་བཀླགས་བཞིན་དུ་བཀླགས་པ་ཡིན་ཞེས་དགེ་རྒན་ལ་རྫུན་ཤོད་པའི་གོམས་གཤིས་ངན་པ་རྒྱུན་དུ་འཇགས་པའི་ཉེན་ཁ་ཡང་ཡོད།

    དེས་ན་དགེ་རྒན་རྣམ་པས་སློབ་མ་རྣམས་ཡིག་པར་འཕྲུལ་ཆས་ལྟ་བུར་མི་བརྩི་བར། ཁོང་ཚོ་བྱིས་དུས་ཀྱི་འཚོ་བར་རོལ་ཏེ་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུའི་ཐད་ཐུགས་བསམ་མང་ཙམ་བཞེས་ནས། སློབ་ཚན་ཁག་གི་དགེ་རྒན་ཕན་ཚུན་སྟབས་བསྟུན་གྲོས་མོལ་གནང་སྟེ་སློབ་མའི་སྦྱོང་ཚན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུའི་ཐད་ཐབས་དང་ཇུས་བཏོན་དགོས། 

    ལྔ་པ། རང་གིས་ལག་པ་བསྒུལ་ནས་སྦྱོང་ཚན་འབྲི་བ་ལས་གཞན་ནས་བཤུ་འབྲི་བྱེད་པར་དོགས་ཟོན་བྱེད་དགོས། 

    རང་གིས་བསམ་བློ་གཏོང་བ་དང་ལག་པ་བསྒུལ་ནས་སྦྱོང་ཚན་འབྲི་དགོས་པ་ལས། གཞན་ནས་རྐུ་བཤུ་བྱེད་པ་དང་ཕ་མའམ་ཁྱིམ་མི་གཞན་གྱིས་སྦྱོང་ཚན་འབྲི་རོགས་བྱས་ཏེ་དེ་དག་གིས་ཚབ་བྱེད་པ་དང་། ཁྲལ་སེལ་སླ་བཅོས་དང་རྫུན་མགོ་རྫུན་གཡོག་གི་གོམས་གཤིས་ངན་པ་འཇགས་རྒྱུ་སྔོན་འགོག་གིས། སྐད་ཆ་བདེན་པ་ཤོད་པ་དང་ལས་ཀ་དྲང་པོ་དྲང་བཞག་ལ་སྐུལ་ཁྲིད་བྱས་ཏེ་སློབ་མ་དེ་ཉིད་ཆུང་དུས་ནས་ཡ་རབས་སྤྱོད་བཟང་དང་ངལ་རྩོལ་ལ་དགའ་ཞེན་ཡོད་པ་དང་དཀའ་ལས་རྒྱག་ཐུབ་པ། མི་གཞན་ལ་བསྟུན་མཁས་ཀྱིས་ཕ་མ་དང་རྒན་རབས་དགེ་སློབ་བར་བསམ་ཤེས་དང་བརྩི་བཀུར། དྲིན་ཚོར་གྱི་འདུ་ཤེས་ཡོད་པ་ཞིག་ཏུ་སྐྱེད་སྲིང་ཡོང་ཐབས་བྱེད་དགོས།

    དྲུག་པ། སྦྱོང་ཚན་ལ་དཔྱད་མཆན་འགོད་སྐབས་དོ་སྣང་བྱེད་དགོས་པ་འགའ། 

    སྦྱོང་ཚན་ལ་དཔྱད་མཆན་འགོད་སྐབས་བསྟོད་བསྔགས་འོས་འཚམ་བཏང་སྟེ་སློབ་སྦྱོང་གི་སྤྲོ་བ་འཕེལ་ཐབས་བྱེད་པ་དང་། ཚིག་བརྗོད་དང་རྩོམ་ཡིག་སོགས་མང་ཉུང་བཟང་ངན་གང་ཡིན་རུང་དེ་ཉིད་སློབ་མའི་དཀའ་སྤྱད་དང་ཤེས་རབ་ཀྱི་འབྲས་བུར་བརྩི་འཇོག་གིས་ཁས་ལེན་དང་གདེང་འཇོག་མང་ཙམ་བྱེད་པ་ལས་ནོར་རྟགས་དམར་པོ་རྐྱང་རྐྱང་གིས་གང་བ་དང་། ལྷག་པར་དུ་སློབ་མའི་སེམས་ཁམས་ལ་ཕོག་ཐུག་འགྲོ་བའི་དམའ་འབེབས་དང་བཀའ་བཀྱོན་རིགས་ལ་འཛེམ་ཟོན་བྱེད་པ་དང་ཆབས་ཅིག དཔྱད་མཆན་འགོད་སྐབས་ཁ་གསལ་གནད་ལ་འཁེལ་བ་དང་ཕྱོགས་བསྡུས་དང་བློ་འབྱེད་རང་བཞིན་ལྡན་པ་ཞིག་ཡོང་ཐབས་བྱེད་དགོས། 

    བདུན་པ། སློབ་ཚན་དངོས་གཞི་མ་ཁྲིད་གོང་སྔོན་སྦྱོང་གི་སྦྱོང་ཚན་འོས་འཚམ་འཇོག་དགོས། 

    སློབ་ཚན་དངོས་གཞི་སློབ་ཁྲིད་མ་བྱས་པའི་གོང་ལ་དམིགས་གཏད་ཡོད་པའི་ཐོག་ནས་ཞིབ་ཀློག་བྱས་ཏེ་སློབ་ཚན་གྱི་ནང་དོན་དང་འབྲེལ་བ་ཡོད་པའི་གནད་དོན་བྱེ་བྲག་པ་རེའམ། ཡིད་འཇོག་བྱེད་དགོས་པའི་མཚོན་ཐབས་དམིགས་བསལ་ཅན། དེ་བཞིན་གནད་ཡོད་མིང་ཚིག་སོགས་ཟུར་དུ་བཏོན་ནས། དེ་དག་ལ་བསམ་དཔྱད་དང་སྦྱོང་བརྡར་བྱེད་དུ་འཇུག་པ་དང་། ཡང་ན་སློབ་མས་རང་འགུལ་གྱིས་མིང་ཚིག་གསར་པ་རེ་འཚོལ་བའམ་སློབ་ཚན་གྱི་ནང་དོན་ལ་འགའི་ཐད་དགེ་རྒན་ལ་དྲི་བ་འདོན་དུ་བཅུག་ན། སློབ་ཁྲིད་དངོས་གཞིའི་སྐབས་སུ་སློབ་ཚན་ཧྲིལ་པོའི་བརྗོད་དོན་དང་མིང་ཚིག་བློ་ལ་ངེས་སླ་བ་དང་དགེ་རྒན་གྱིས་འཁྲིད་བདེ་བའི་ཕན་འབྲས་ཐོན་སྲིད། 

    དེ་དག་ཐད་གཙོ་ཆེར་དགེ་རྒན་གྱིས་དུས་རྒྱུན་ནས་དོ་སྣང་གནང་དགོས། མདོར་ན་སློབ་མ་གཙོ་བོར་བཞག་པའི་བྱང་ཚད་སློབ་གསོའི་དགོས་འདུན་དང་བསྟུན་ཏེ། སློབ་མའི་སློབ་སྦྱོང་གི་རང་འགུལ་དང་སྤྲོ་སྣང་འཕེལ་ཐབས་དང་བློ་སྒོ་འབྱེད་པ། གནད་དོན་ཐག་གཅོད་བྱེད་པའི་འཇོན་ནུས་ཇེ་ཆེར་གཏོང་ཆེད། སློབ་མའི་སེམས་ངལ་དང་ཁུར་པོ་ཇེ་ཡངས་སུ་བཏང་དགོས། ཇི་སྐད་དུ། བརྩོན་པ་གཅིག་པུ་བྱས་པ་ངལ་བའི་མཐའ། ཤེས་རབ་གྲོགས་ཀྱིས་བསྐྱངས་ན་དོན་ཆེན་འགྲུབ་ཅེས་གསུངས་པ་ལྟར། སློབ་ཁྲིད་ཀྱི་མགོ་མཇུག་བར་གསུམ་གྱི་ལྷུ་ཚིགས་ཐམས་ཅད་དུ་ཚད་མཐོའི་འགན་སེམས་ཁྱེར་ནས་མི་གཤིས་དང་མཐུན་པའི་གཅེས་སྐྱོང་དང་ཐུགས་ཁུར་གྱིས་ཁྱབ་པར་བྱས་ཏེ། གཙོ་ཆེར་སློབ་ཁྲིད་དངོས་གཞིའི་སྐབས་སུ་སློབ་མའི་ན་ཚོད་དང་སེམས་ཁམས་དང་མཐུན་པའི་འཁྲིད་ཐབས་གསོན་ཉམས་ལྡན་པ་དང་དོན་ཕན་གསོས་པ་ཞིག་ཡོང་བར་རིག་ནུས་ཡོད་རྒུ་བཏོན་ཏེ། སློབ་མར་ཆུང་དུས་ནས་སློབ་སྦྱོང་དང་ལས་བརྩོན་གྱི་རང་འགུལ་གྱི་གོམས་སྲོལ་བཟང་པོ་ཞིག་འཇགས་སུ་བཅུག་ནས་སློབ་སྦྱོང་གི་མཁའ་དབུགས་ལེགས་པོ་ཞིག་བསྐྲུན་ཁར་སློབ་མའི་སྦྱང་འབྲས་ཡར་རྒྱས་གཏོང་བ་དང་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་ཐབས་ལ་འབད་པ་རྩལ་སྤྲུགས་ཅི་ནས་ཀྱང་གལ་ཆེའོ།

    བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེ་མོའི་ཚེ་དབང་དཔལ་མཚོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།