[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཆུང་སློབ་མས་རྩོམ་ཡིག་འབྲི་སྐབས་བརྗོད་བྱ་ཇི་ལྟར་འཚོལ་དགོས་ཚུལ་སྐོར་ཅུང་ཟད་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-02

    ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་རེད། སྔ་མོའི་གཏམ་དཔེར“མི་གཅིག་ཡིན་ན་ཆུང་ནས་སྐྱོང་། རྟ་གཅིག་ཡིན་ན་རྟེའུ་ནས་གསོས”ཞེས་པའི་དཔེ་ལྟར་སློབ་ཆུང་དུས་སྐབས་ནི་ཕྲུ་གུ་ཚོའི་བསམ་བློ་ཀུན་སྤྱོད་དང་ཤེས་བྱ་རིག་གནས་སྦྱོང་བའི་གོམས་པ་དང་པོ་དེ་རེད་ལ། སློབ་ཆུང་སྐབས་རྩོམ་ཡིག་ཐུང་ངུ་འབྲི་སྦྱོང་བྱེད་དུ་བཅུག་རྒྱུ་དེ་ཡང་རྩོམ་ཡིག་ལེགས་པོ་འབྲི་བའི་ཐོག་མའི་འགོ་འཛུགས་ས་ཞིག་ཀྱང་རེད། ཡིན་ནའང་། སློབ་ཆུང་སློབ་མས་རྩོམ་ཡིག་འབྲི་སྐབས་འབྲི་མ་ཤེས་པའམ་ཡང་ན་བརྗོད་བྱ་གཏན་འཁེལ་བྱེད་མི་ཤེས་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད། དེར་བརྟེན་ཁོ་བོས་མ་ཤེས་ཤེས་ཁུལ་གྱིས་སློབ་ཆུང་སློབ་མས་རྩོམ་ཡིག་འབྲི་སྐབས་བརྗོད་བྱ་འཚོལ་བར་ཁ་ཇི་ལྟར་ཕྱོགས་དགོས་ཚུལ་སྐོར་གྱི་བསམ་ཚུལ་འགའ་གླེང་ཁུལ་བྱས་ན།

    གཅིག རྩེད་མོ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་ནས་མྱོང་ཚོར་འབྲི་རུ་འཇུག་དགོས།

    རྩེད་མོ་ནི་སློབ་ཆུང་སློབ་མས་མ་སྐུལ་དང་བླངས་ཀྱིས་སྤྱི་ཚོགས་འཚོ་བའི་ཁྲོད་དུ་འཛུལ་བའི་གོམས་པ་དང་པོ་དེ་རེད། འཚོ་བ་དང་ཤིན་ཏུ་ཐག་ཉེ་བའི་རྩེད་མོ་སྣ་ཚོགས་ལས་སློབ་མའི་དྭངས་གཙང་ལྷད་མེད་ཀྱི་གཤིས་ཀ་མཚོན་ཐུབ་ཅིང་། འཚོ་བར་འབྲེལ་འདྲིས་ཅི་ཙམ་མཆིས་པའམ་ཉམས་མྱོང་ཅི་ཙམ་ལྡན་པ་བཅས་ཀྱིས་འཚོ་བར་བཟུང་བའི་རྣམ་འགྱུར་ཡོངས་སུ་མངོན་ཐུབ། དེར་བརྟེན་དགེ་རྒན་གྱིས་ཁོ་ཚོའི་དགའ་ཕྱོགས་དེ་བེད་སྤྱད་ནས་ཁོ་ཚོའི་སློབ་གསེང་དང་དགུང་གསེང་གི་འཚོ་བའི་ཁྲོད་དུ་ཐོན་པའི་རྩེད་མོ་དག་ལ་མྱོང་ཚོར་འབྲི་རུ་བཅུག་ན་སློབ་མའི་ལྷན་སྐྱེས་སེམས་ཁམས་ཀྱི་ཆ་དང་སྤྲོ་སྣང་གི་ཆ་སོགས་རེ་རེ་བཞིན་ཆད་ལུས་མེད་པར་རྩོམ་ཡིག་ཁྲོད་བཀོལ་སྤྱོད་ཐུབ་པ་མ་ཟད། སློབ་མ་རྣམས་ལ་རྩོམ་ཡིག་འབྲི་བར་དགའ་ཞེན་དང་རྩོམ་ཡིག་འབྲི་ཤེས་པའི་ཉམས་སྣང་སྐྱིད་པོ་ཞིག་ཆགས་ཐུབ་པ་མ་ཟད། བརྗོད་བྱ་གང་མང་འབྲི་འདོད་ཀྱི་འདུན་པ་ཞིག་ཀྱང་སྐྱེ་ངེས་རེད། དེ་ལྟར་བྱས་ཚེ་དུས་ཡུན་རིང་པོ་མ་འགོར་བར་སློབ་མའི་རྩོམ་འབྲིའི་ནུས་པ་ཇེ་མཐོར་འགྲོ་བར་ཕན་ནུས་ཆེན་པོ་ཡོད།

    གཉིས། འགུལ་རིས་ལྟད་མོ་ལྟ་རུ་བཅུག་ནས་བསམ་ཚུལ་འབྲི་རུ་བཅུག་དགོས།

    འགུལ་རིས་ལྟད་མོ་ནི་དེང་སང་བྱིས་པ་ཚོས་ཧ་ཅང་དགའ་པོ་བྱེད་པའི་ལྟད་མོ་ཞིག་ཡིན་པས། སྤྱི་ཚོགས་ཐོག་ཆེད་མངགས་བྱིས་པ་ཚོར་དམིགས་ནས་བརྙན་འཕྲིན་སོགས་ནས་འགུལ་རིས་ལྟད་མོ་སྣ་ཚོགས་སྟོན་གྱི་ཡོད་ལ། རི་མོ་དང་འབྲེལ་བའི་དཔེ་དེབ་ཀྱང་མི་ཉུང་བ་ཞིག་ཐོན་དང་ཐོན་མུས་རེད། དེར་བརྟེན་དགེ་རྒན་རྣམས་པས་སློབ་མའི་སློབ་གསེང་དང་འཛིན་གྲྭའི་བྱེད་སྒོ་སྤེལ་སྐབས་འགུལ་རིས་ལྟད་མོ་དང་ཡང་ན་རི་མོ་དང་འགྲེལ་བཤད་མཉམ་དུ་ཡོད་པའི་བྱིས་པའི་སྒྲུང་དེབ་མང་ཙམ་ལྟ་རུ་བཅུག་རྗེས། ཕྲུ་གུ་ཚོས་ལྟད་མོ་དེར་འཛིན་པའི་སོ་སོའི་བསམ་ཚུལ་ལམ་མྱོང་ཚོར་འབྲི་རུ་འཇུག་དགོས། དེ་ལྟར་བྱས་ཚེ་ཁོ་ཚོས་བློ་རྩེ་གཅིག་སྒྲིམ་ངང་ལྟད་མོ་དེ་རིགས་བལྟ་རྒྱུར་དགའ་པོ་བྱེད་ཀྱི་རེད་ལ། དེའི་ནང་གི་མི་བཟང་ལས་བཟང་སོགས་ཀྱི་བྱ་སྤྱོད་གིས་བྱིས་པར་གོ་སྐོན་བློ་འགུགས་སོགས་ཀྱི་ཤུགས་རྐྱེན་སྣ་ཚོགས་ཐེབས་སྲིད་པས་ཕྲུ་གུ་ཚོས་ལྟད་མོ་དེར་འཛིན་པའི་ལྷད་མེད་དྭངས་གཙང་གི་སེམས་པ་དེ་ཡིག་ཐོག་ནས་འབྲི་ཐུབ། དེ་ལྟར་བྱུང་ཚེ་སློབ་མ་ཚོས་རྩོམ་ཐུང་འབྲི་བའི་གོམས་གཤིས་ཀྱང་རིམ་བཞིན་འཇགས་ཐུབ།

    གསུམ། རང་ཉིད་ཀྱི་ཉེ་འཁོར་དུ་ཡོད་པའི་མི་སྣར་ལྟ་ཞིབ་བྱེད་དུ་བཅུག་དགོས།

    རྩོམ་ཡིག་མ་བྲིས་སྔོན་ལ་འཚོ་བའི་གནས་སོ་སོ་དང་བྱ་དངོས་ཀྱི་ཟུར་རེ་རེར་ལྟ་ཞིབ་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བའི་དོན་ཞིག་རེད། ཕྲུ་གུ་ཚོའི་རང་ཉིད་ཀྱི་ཉེ་འཁོར་དུ་ཡོད་པའི་མི་སྣར་རྣམ་ཀུན་ནས་འབྲེལ་འདྲིས་ཆེ་ཤོས་དང་ཁོ་ཚོའི་བྱེད་ལུགས་བྱེད་སྟངས་དང་སྐད་ཆ་ཤོད་སྟངས་སོགས་ལ་རྒྱུས་མངའ་ཅུང་ཆེ་བས་དེ་དག་ནས་མགོ་བཙུགས་ཏེ་ཁོ་ཚོའི་ཕྱིའི་རྣམ་པ་དང་བྱེད་ལུགས་སོགས་གང་འདྲ་ཡོད་མེད་འབྲི་རུ་བཅུག་རྒྱུ་ནི་རྩོམ་ཐུང་འབྲི་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད། དཔེར་ན། ཁོ་ཚོས་ནམ་རྒྱུན་འབྲེལ་འདྲིས་ཆེ་ཤོས་ནི་རང་ཉིད་ཀྱི་དགེ་རྒན་དང་ཟ་ལུགས་སྡོད་ལུགས་སློབ་མཁན་གྱི་ཕ་མ་གཉིས་ཡིན་པས་ཁོང་ཚོའི་དུས་རྒྱུན་གྱི་བྱེད་ལུགས་བྱེད་སྟངས་དང་། སྐད་ཆ་ཤོད་སྟངས། ཕྱིའི་རྣམ་པ་སོགས་འབྲི་རུ་བཅུག་ན་སློབ་མའི་ལྟ་ཞིབ་ཀྱི་ནུས་པ་སྐྱེད་སྲིང་ཐུབ་པ་མ་ཟད། རྩོམ་འབྲིའི་རྒྱུ་ཆ་གསར་པ་ཡང་མང་དུ་རྙེད་ཐུབ།

    བཞི། གཞན་གྱི་རྩོམ་ཡིག་ལེགས་གྲས་ལ་ལད་མོ་བྱེད་དུ་འཇུག་དགོས།

    སློབ་ཆུང་སློབ་མ་ནི་ལད་མོར་ཧ་ཅང་དགའ་པོ་ཡོད་པས་ལད་མོ་ནི་ཁོ་ཚོའི་བསམ་བློའི་དགོས་མཁོ་ཞིག་ཏུའང་སྣང་། དེར་བརྟེན་དགེ་རྒན་གྱིས་གཞན་གྱི་རྩོམ་ཡིག་ལེགས་གྲས་རེ་འདོན་སྤྲོད་བྱས་ཏེ་དེའི་བརྗོད་བྱ་དང་རྗོད་བྱེད་ཚིག་སྦྱོར་ཐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དག་གསལ་པོར་བཏོན་ཏེ་སློབ་མ་རྣམས་ལ་ཀློག་ཏུ་བཅུག་པ་དང་ཚིག་སྦྱོར་སྙན་པོ་དག་བློ་འཛིན་བྱེད་དུ་བཅུག་སྟེ་གཞན་རྩོམ་ལེགས་གྲས་གཞིར་བཟུང་རང་གི་བསམ་ཚུལ་དང་སྦྱར་ཏེ་ལད་འབྲི་བྱེད་དུ་བཅུག་ནས་ཁོ་ཚོར་ལད་མོའི་གཤིན་ས་ཞིག་མཁོ་སྤྲོད་བྱ་རྒྱུ་ནི་ཤིན་ཏུ་དགོས་གལ་ཆེ། དེ་ལྟར་བྱས་ཚེ་སློབ་མ་ཚོར་བསམ་བློ་གསར་པ་ཞིག་རྙེད་པ་ལྟ་བུའི་མཚར་སྣང་ཞིག་སྟེར་ཐུབ་ལ་གཞན་ད་དུང་སློབ་མའི་རྩོམ་འབྲིའི་ཁ་ཕྱོགས་གཞན་ཞིག་སྟོན་ནུས་པ་དང་བསམ་བློ་རྒྱ་སྐྱེད་ཐུབ་པ་སོགས་ཀྱི་རམ་འདེགས་ཐོབ་སྲིད་པས་ལད་འབྲི་བྱེད་སྟངས་དེ་ནི་སློབ་མའི་རྩོམ་ཡིག་འབྲི་སྦྱོངས་ལ་མེད་དུ་མི་རུང་བའི་བརྒྱུད་རིམ་ཞིག་རེད།

    (གཞི་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཆ་ཚང་སློབ་ཆུང་གི་རྒྱལ་པོས)

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།