[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • འཛིན་བདག་གིས་སྒྲུབ་དགོས་པའི་ལས་དོན་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-09

    ཁ་རྒྱུན་དུ་སྤྱིར་སློབ་སྤྱི་ཇི་འདྲ་ཞིག་ཡོད་ན་གང་དེས་བསྐྱངས་པའི་སློབ་གྲྭའང་དེ་འདྲ་ཞིག་ཡོད་པ་དང་། འཛིན་བདག་ཇི་ལྟ་བུ་ཞིག་ཡོད་ན་གང་དེས་བསྐྱངས་པའི་འཛིན་གྲྭའང་དེ་ལྟ་བུ་ཞིག་ཡོད་ཅེས་བརྗོད་ཀྱི་ཡོད། དོན་དངོས་ལའང་དེ་ལྟར་ཡིན་ཏེ། འཛིན་གྲྭ་ནི་སློབ་མ་བཅུ་གྲངས་ཁ་ཤས་འདུས་པའི་ཚོགས་པ་ཞིག་ཡིན་ཞིང་། དེ་ནི་སློབ་གྲྭ་ཞིག་གི་ཆེས་རྩ་བའི་གྲུབ་ཆ་ཞིག་ཡིན་ལ། འཛིན་གྲྭའི་སློབ་ཕྲུག་མི་རེ་ངོ་རེ་ནི་མཉམ་སྡེབ་དེའི་བྲལ་དུ་མེད་པའི་ཚོགས་མི་ཤ་སྟག་ཡིན། མཉམ་སྡེབ་ཀྱི་འཛིན་གྲྭའི་ནང་འདུས་པའི་སློབ་མའི་གཟུགས་གཞི་དང་ཀུན་སྤྱོད། ཤེས་བྱ་རིག་གནས། རིག་སྟོབས་སོགས་ཕྱོགས་གང་ཅིའི་ཐད་ལ་ལག་པའི་མཛུབ་མོ་ལྔ་ལྟར་གྱི་ཁྱད་པར་ཡོད་པ་ནི་འཛིན་བདག་རྣམས་ཀྱི་མཐོང་ཆོས་སུ་གྱུར་པའི་སྣང་ཚུལ་ཞིག་ཡིན། དེར་བརྟེན། འཛིན་བདག་ཚོས་འཛིན་གྲྭ་གཅིག་གི་སློབ་མའི་ཚོགས་ལ་རྒྱུག་པ་ལེབ་རྡུང་གི་སློབ་གསོ་བཏང་ན་མི་འགྲིག་པར་སློབ་མའི་སེམས་ཁམས་དང་བསྟུན་ནས་གང་ལ་དེ་འཚམ་གྱི་སློབ་གསོ་གཏོང་དགོས་ལ། དེ་བས་འཛིན་བདག་ནི་སློབ་གྲྭའི་འགོ་ཁྲིད་ཀྱི་ལས་རོགས་ཡག་ཤོས་དང་། སློབ་ཕྲུག་དང་སློབ་གྲྭ ཁྱིམ་བདག་བཅས་དབར་གྱི་འབྲེལ་ཟམ་ལྟ་བུ་ཡིན། དེས་ན། གུས་པས་རང་ཉིད་སློབ་གྲྭའི་རྨང་གཞིར་གྱུར་པའི་འཛིན་བདག་གི་ལས་ཀ་བྱས་ནས་ལོ་ཤས་སོང་བའི་དོན་དངོས་ལག་ལེན་དང་ཟུང་འབྲེལ་བྱས་ཏེ་འཛིན་བདག་གིས་སྒྲུབ་དགོས་པའི་ལས་དོན་སྐོར་རགས་ཙམ་གླེང་བར་འདོད།

    གཅིག འཛིན་བདག་ལ་རང་དཔེ་གཞན་སྟོན་གྱི་བྱང་ཚད་ལྡན་དགོས།

    བྱང་ཚད་ཅེས་པ་ནི་ཤེས་བྱ་རིག་གནས་ཀྱི་བྱང་ཚད་ཁོ་ནར་གོ་བ་མ་ཡིན་པར་དེ་ནི་བསམ་བློའི་བྱང་ཚད་དང་། སྒྲིག་འཛུགས་ཀྱི་འཇོན་ཐང་། གནད་དོན་ཐག་གཅོད་པའི་འཇོན་ཐང་སོགས་ལའང་གོ་དགོས་པ་ཡིན་ཞིང་། དགེ་རྒན་ནི་བསམ་བློ་དང་ཤེས་བྱ་རིག་གནས་ཀྱི་བྱང་ཚད། དེ་བཞིན་སྤྱི་ཚོགས་འཚོ་བའི་ཉམས་མྱོང་སོགས་ཕྱོགས་གང་ཅིའི་ཐད་སློབ་མ་ལས་མང་བའམ་རྒན་པ་ཡོད་དགོས་པས་མིང་ལའང་དེ་ལྟར་དུ་བཏགས། འཛིན་བདག་གི་ངོས་ནས་བརྗོད་ན་དང་ཐོག་སློབ་གསོའི་ལས་ཀར་དགའ་ཞེན་དང་། བློ་གཅིག་སེམས་གཅིག་གིས་གང་དེར་འབད་བརྩོན་བྱེད་པའི་འདུན་པ་འཆང་དགོས་ལ། ཤེས་བྱ་རིག་གནས་ཀྱི་ཐད་ནས་གླེང་ན་དགེ་རྒན་ནི“ཤེས་བྱ་སྣ་འཛོམས་ཀྱི་ཚིག་མཛོད”ཅིག་དང་འདྲ་བར་རྒྱ་ཆེའི་སློབ་མ་ཚོར་སྣ་མང་ཤེས་བྱའི་བདུད་རྩི་སྦྱིན་ཐུབ་པ་དགོས་ཤིང་། ལྷག་པར་སློབ་མས་མ་ཤེས་པ་དང་མ་རྟོགས་པའི་གནད་ལ་གང་ལ་དེ་འཚམ་གྱི་ལན་འདེབས་ཐུབ་པ་དགོས། དེ་བཞིན་སྒྲིག་འཛུགས་དང་སྣེ་ཁྲིད་ཀྱི་ནུས་པ་ལྡན་དགོས་ལ། སྐབས་འཕྲལ་གྱི་གནད་དོན་ཙག་ཙིག་ཚད་མཐུན་གྱིས་ཐག་གཅོད་བྱེད་པའི་འཇོན་ཐང་ཡང་ལྡན་དགོས། དེས་མི་ཚད་རྣམ་ཀུན་འཚོ་བའི་ཁྲོད་འཛིན་བདག་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་ལ་ཚད་མཐོའི་ཡིད་གཟབ་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།

    གཉིས་པ། ཚད་མཐོའི་འགན་འཁུར་གྱི་བསམ་བློ་ཡོད་དགོས་པ།

    རྒྱ་ཆེའི་ཁྱིམ་བདག་ནས་རང་ཉིད་ཀྱི་བུ་ཕྲུག་གི་འབྱུང་འགྱུར་གྱི་ཕུགས་འདུན་དང་མ་འོངས་འཚོ་བའི་བདེ་སྡུག་སོགས་སློབ་གྲྭར་འགན་བཅོལ་ཞིང་། སློབ་གྲྭས་ཁྱིམ་བདག་རྣམས་ཀྱིས་བཅོལ་བའི་རེ་བ་དེ་དག་སློབ་ཁྲིད་དགེ་རྒན་དང་འཛིན་བདག་རྣམས་ལ་བཅོལ་གྱི་ཡོད། མི་སུ་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་ལས་ཀར་ཚད་མཐོའི་འགན་འཁུར་བའི་བསམ་བློ་ཞིག་མེད་ཚེ། དུས་རྒྱུན་བྱ་བ་གང་ཞིག་བསྒྲུབས་ཀྱང་། སྤྱིར་ཉིན་མ་གང་འཁྱོལ་གྱི་དབང་དུ་འགྲོ་སྲིད། དེས་ན་འཛིན་བདག་གིས་ཐོག་མར་རང་འཛིན་གྲྭའི་སློབ་མ་ཡོངས་ལ་ཚད་མཐོའི་རེ་བ་བཅོལ་དགོས། འདུ་ཤེས་འདི་འདྲ་ཞིག་གི་རྨང་གཞིའི་འོག སློབ་མའི་ཕྱོགས་ཡོངས་ཀྱི་ནུས་རྩལ་གོང་མཐོར་གཏོང་རྒྱུར་འགན་འཁྲི་ནན་པོ་འཁུར་ནས་ལས་དོན་མཐའ་དག་དོན་ཐོག་ཏུ་འཁྱོལ་བ་བྱེད་རྒྱུ་ནི་གནད་དམ་པ་དེའོ།

    གསུམ་པ། འཛིན་གྲྭའི་ལས་བྱེད་དཔུང་ཁག་གི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།

    པན་ཀྲང་དང་སློབ་སྦྱོང་ཨུ་ཡོན་སོགས་འཛིན་གྲྭའི་ལས་བྱེད་དཔུང་ཁག་རྣམས་ནི་འཛིན་བདག་གི་དཔུང་པ་གཡས་གཡོན་ཡིན་ཞེས་བརྗོད་ཆོག་ཅིང་། ཁོང་ཚོས་འཛིན་གྲྭ་མཉམ་སྡེབ་ཀྱི་ཆེད་དུ་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་ནུས་པ་འདོན་བཞིན་ཡོད། དེས་ན། ཐོག་མར་དམངས་གཙོ་དང་། འདྲ་མཉམ། དྲང་གཞག་བཅས་ཀྱི་སྒོ་ནས་འཛིན་གྲྭའི་ལས་བྱེད་དཔུང་ཁག་འདེམས་བསྐོ་བྱེད་དགོས་ཤིང་། འདེམས་བསྐོའི་ཚོགས་འདུའི་ཐོག འཛིན་གྲྭའི་ལས་བྱེད་དཔུང་ཁག་གི་ཚད་གཞི་སྟེ། དཔེར་ན། སྒྲིག་འཛུགས་ཀྱི་འཇོན་ཐང་དང་། སློབ་ལ་བརྩོན་ཞིང་དགེ་བཀུར་གྲོགས་མཐུན་གྱི་སྤྱོད་བཟང་ལྡན་པ་སོགས་གཏན་འཁེལ་བྱེད་དགོས་ལ། དེ་རྗེས་ཁོང་ཚོའི་འགན་འཁྲི་སྟེ། དཔེར་ན། སློབ་སྦྱོང་ཨུ་ཡོན་ལ་ཆ་བཞག་ན་རྣམ་ཀུན་འཛིན་གྲྭའི་སློབ་མ་ཡོངས་ཀྱི་སློབ་སྦྱོང་གི་གནས་ཚུལ་ལ་དོ་སྣང་བྱེད་དགོས་པ་དང་། སློབ་ཁྲིད་དགེ་རྒན་གྱི་ལས་ཀར་རོགས་སྐྱོར་བྱེད་པ་སོགས་ཀྱི་འོས་འགན་ཁ་གསལ་གཏན་འཁེལ་བྱེད་དགོས། རབ་བྱུང་ན་འཛིན་གྲྭའི་ལས་བྱེད་དཔུང་ཁག་འདེམས་པའི་ཚད་གཞི་དང་འགན་འཁྲི་རྣམས་འཛིན་གྲྭའི་སློབ་མ་ཡོངས་ཕན་ཚུན་གྲོས་བསྡུར་བྱས་རྗེས་འཆར་འགོད་བྱས་ན་དེ་བས་དོན་དངོས་དང་མཐུན་པ་ཡོང་རྒྱུར་གདོན་མི་ཟའོ།

    བཞི་པ། སློབ་ཁྲིད་དགེ་རྒན་དང་སློབ་མའི་ཁྱིམ་བདག་དབར་གྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་དགོས།

    འཛིན་གྲྭའི་ལས་དོན་བདེ་བླག་ངང་སྒྲུབ་དགོས་ན་འཛིན་བདག་གཅིག་པུའི་སྟོབས་ཤུགས་དང་ནུས་པར་བརྟེན་ན་ག་ལ་འགྲིག དེས་ན། འཛིན་བདག་གིས་དུས་ངེས་མེད་དུ་རང་འཛིན་གྲྭའི་སློབ་ཁྲིད་དགེ་རྒན་དང་རྒྱ་ཆེའི་སློབ་མའི་ཁྱིམ་བདག་དང་འབྲེལ་བ་དམ་ཟབ་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་རང་འཛིན་གྲྭའི་སློབ་མར་རྒྱུས་ལོན་བྱེད་དགོས། རྟག་ཏུ་སློབ་ཁྲིད་དགེ་རྒན་ཁོ་ནར་བརྟེན་ནས་སློབ་མའི་སྦྱངས་འབྲས་དང་། གཟུགས་གཞི། སྤྱོད་ཚུལ་སོགས་ལ་རྒྱུས་མངའ་ལོན་ཐབས་བྱས་ནས་མ་བསྡད་པར། སློབ་མའི་ཁྱིམ་དུ་བཅར་འདྲི་དང་ཁྱིམ་བདག་ཚོགས་འདུ་སོགས་ཀྱི་ཐབས་ཤེས་སྣ་ཚོགས་སྤྱད་ནས་སློབ་མའི་ཉེ་དུས་ཀྱི་སེམས་ཁམས་དང་། གཟུགས་གཞི། དེ་བཞིན་སློབ་སྦྱོང་གི་གོམས་གཤིས་དང་སློབ་ཕྱིའི་འཚོ་བ་སོགས་ལ་རྒྱུས་ལོན་བྱས་ནས་དེ་དག་གིས་སྔར་ལས་ལྷག་པའི་སྒོ་ནས་འཛིན་གྲྭའི་ལས་དོན་བདེ་བླག་ངང་སྒྲུབ་པར་ཞབས་འདེགས་གང་ལེགས་ཞུ་ཐུབ་པ་བྱེད་དགོས།

    ལྔ་པ། བྱ་དགའ་ཆད་གཅོད་ཀྱི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ཉེ་དགའ་ཕྱོགས་ཞེན་མི་ཐོན་པ་བྱེད་དགོས།

    འཛིན་གྲྭ་གཅིག་ནང་འདུས་པའི་སློབ་མ་རྣམས་ཀྱི་སློབ་སྦྱོང་དང་ཀུན་སྤྱོད་སོགས་ཕྱོགས་གང་ཅིའི་ཐད་རབ་འབྲིང་ཐ་གསུམ་གྱི་དབྱེ་བ་ཡོད་སྲིད། དེར་བརྟེན་ནམ་རྒྱུན་གྱི་སློབ་སྦྱོང་དང་འཚོ་བ་སོགས་ཀྱི་དོ་དམ་བྱེད་ཕྱོགས་ཐད་ཉེ་དགའ་ཕྱོགས་ཞེན་གྱི་སྣང་ཚུལ་མི་ཐོན་པ་བྱེད་རྒྱུ་ཤིན་ཏུ་ནས་གལ་ཆེ། ཉེ་དགའ་ཕྱོགས་ཞེན་བྱས་ཚེ་སློབ་མ་མང་ཆེ་བས་རང་ཉིད་ལ་ཡིད་ཆེས་མེད་པ་དང་བློ་ལོག་པའི་མཇུག་འབྲས་ཐོན་སྲིད། འཛིན་བདག་གིས་སློབ་མ་ཡོངས་ལ་ཉེ་དགའ་ཕྱོགས་ཞེན་མེད་པར་བྱ་དགའ་ཆད་གཅོད་ཀྱི་ལམ་ལུགས་ལག་བསྟར་བྱེད་རྒྱུ་ཡང་ཅུང་གལ་ཆེ་བར་སྙམ། བྱ་དགས་ལེགས་པར་ཡག་ཐོག་ཡག་རྩེག་གི་སྐུལ་འདེད་གཏོང་ཐུབ་ལ་གང་ལ་དེ་འཚམ་གྱི་ཆད་གཅོད་ཀྱིས་རྗེས་ལུས་ཅན་གྱི་སློབ་མ་རྣམས་ལེགས་པའི་ཕྱོགས་སུ་སྒྱུར་བཅོས་གཏོང་རྒྱུར་ཕན་ནུས་ཐོན་སྲིད། བྱ་དགའ་ཆད་གཅོད་ཀྱི་ལམ་ལུགས་བསྟར་སྐབས་དངོས་པོའི་བྱ་དགའ་ཆད་གཅོད་བྱེད་རྒྱུར་ཚོད་འཛིན་གང་ལེགས་བྱེད་དགོས་ཏེ། དེ་ཡང་། དངོས་པོ་བྱ་དགར་སྤྲོད་རྒྱུ་མང་དྲགས་ན་ཕྱིས་སུ་དངོས་པོའི་བྱ་དགའ་མེད་ན་སློབ་མ་ཡར་རྒྱས་འགྲོ་རྒྱུར་འགོག་རྐྱེན་བཟོ་སྲིད། ཆད་པ་གཅོད་སྐབས་ལུས་ཆད་རྩ་བ་ཉིད་ནས་གཅོད་མི་རུང་ལ། དངོས་པོའི་ཆད་པའང་གཅོད་རྒྱུ་མེད་པར་འཛིན་གྲྭའི་ལས་རེས་སོགས་བྱེད་རྒྱུའི་ལུགས་མཐུན་གྱི་ཆད་པ་གཅོད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་སྙམ།

    མདོར་ན། འཛིན་བདག་ནི་འཛིན་གྲྭ་ཞིག་གི་སྣེ་ཁྲིད་པ་དང་འགོ་ཁྲིད་པ་ཡིན་ལ། འཛིན་བདག་གི་ལས་དོན་ནི་རྙོག་འཛིང་དང་དཀའ་ཚེགས་ཆེ་ལ་འགན་འཁྲི་ཤིན་ཏུ་ལྕི་བ་ཞིག་ཡིན། དེར་བརྟེན། འཛིན་བདག་ཅིག་ཡིན་ཕྱིན་ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པ་ཞེས་པའི་གཏམ་དཔེ་ལྟར་མ་ཡིན་པར། རང་ཉིད་ཀྱི་ཕྱོགས་ཡོངས་ཀྱི་བྱང་ཚད་གོང་མཐོར་བཏང་ནས་རྒྱ་ཆེའི་སློབ་མ་ཚོའི་མ་འོངས་པར་ཚད་མཐོའི་འགན་འཁུར་གྱི་བསམ་བློ་ཞིག་བཅངས་ཏེ་ཁ་ཡོད་ལག་ཡོད་ཀྱི་སྒོ་ནས་རང་ཉིད་ཀྱི་ཡོད་ཚད་སློབ་མར་སྐྱེས་སུ་འཕུལ་ཏེ། འབྱུང་འགྱུར་ཁོང་ཚོ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱོད་ཡོན་གཉིས་ལྡན་གྱི་ཤུལ་འཛིན་པ་ཞིག་ཏུ་གསོ་སྐྱོང་བྱེད་རྒྱུ་ནི་ང་ཚོས་གཡོལ་དུ་མེད་པའི་འགན་འཁྲི་ཉག་ཅིག་ལགས།

    (ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཀོང་ཐང་ཤང་ལྟེ་བའི་སློབ་ཆུང་། མཚམས་ལགས། སྐལ་བཟང་བདེ་སྐྱིད)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།