[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་གསོ་སློབ་ཁྲིད་ཀྱི་དཔྱད་རྩོམ་འབྲི་ཐབས་སྐོར་མདོ་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-30

    སློབ་གསོ་སློབ་ཁྲིད་ཀྱི་དཔྱད་རྩོམ་ནི། སློབ་གསོ་དང་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་གནད་དོན་ཞིག་གམ་མཚོན་ཚུལ་ཞིག་ལ་ཞིབ་འཇུག་བྱས་ནས། གནད་དོན་གྱི་འབྱུང་རྐྱེན་འདོན་པ་དང་། ད་ལྟའི་གནས་བབ་གླེང་བ། དབྱེ་ཞིབ་བྱེད་པ། གནད་དོན་ཐག་གཅོད་བྱེད་ཐབས་ཀྱི་ལྟ་བ་གསར་པ་དང་། བསམ་འཆར་གསར་པ། དེ་བཞིན་སློབ་ཁྲིད་བྱ་ཐབས་གསར་པ་སོགས་བརྗོད་ཐོག སློབ་གསོ་སློབ་ཁྲིད་འཕེལ་རྒྱས་གཏོང་བ་དམིགས་ཡུལ་དུ་བྱས་ནས་སྤེལ་བའི་དཔྱད་བརྗོད་ཆེད་རྩོམ་ཞིག་རེད། དཔྱད་རྩོམ་གྱི་འབྲི་སྟངས་སྣ་ཚོགས་ཡོད་ཅིང་། རྩོམ་ལ་འཇུག་པའི་ལས་དང་པོ་བ་རྣམས་ལ་རྩོམ་འབྲིའི་ཤེས་བྱར་ཞུགས་པའི་འདོད་བློ་ངང་ངམ་ཤུགས་ཤུགས་ཤིག་ཡོད། འོན་ཀྱང་དཔྱད་རྩོམ་ཚད་ལྡན་ཞིག་འབྲི་སྐབས་ཐབས་ཤེས་འདང་གི་མེད། དེར་བརྟེན་གཤམ་གསལ་བརྗོད་དོན་གྱིས་ཁྱེད་ཀྱི་བློ་སྒོ་འབྱེད་ཐུབ་པའམ་ཕན་ཐོགས་ན་སྙམ་པའི་ཀུན་སློང་གིས་གླེང་བར་བྱ། 

    གཅིག དཔྱད་རྩོམ་གྱི་གྲུབ་ཆ་དང་འབྲི་ཐབས། 

    སློབ་གསོ་སློབ་ཁྲིད་ཀྱི་ཆེད་རྩོམ་འབྲི་སྐབས་སྤྱིར་བཏང་གཤམ་གསལ་གྱི་གྲུབ་ཆ་འཛོམ་དགོས་ཏེ། ཁ་བྱང་དང་། མཇུག་བསྡུ་བ། མཆན་འགྲེལ་དང་དཔྱད་གཞིའི་ཡིག་ཆ་བཅས་སོ།

    1. ཁ་བྱང་ནི་དཔྱད་རྩོམ་ཤེས་པར་བྱེད་པའི་ལྟ་ཁུང་ལྟ་བུ་རེད། ཀློག་པ་པོས་ཁ་བྱང་བརྒྱུད་ནས་དཔྱད་རྩོམ་འདིའི་བརྗོད་བྱ་གང་ཡིན་པ་ཤེས་ཐུབ་པས། ཁ་བྱང་འཆར་འགོད་བྱེད་སྐབས་གཤམ་གསལ་གྱི་གནད་དོན་ལ་དོ་སྣང་བྱེད་དགོས། (1)ཁ་བྱང་གནད་ལ་འཁེལ་པོ་ཞིག་འདེམས་དགོས། ཁ་བྱང་གིས་དཔྱད་རྩོམ་དེའི་བརྗོད་དོན་དང་ཞིབ་འཇུག་གི་བསམ་ཕྱོགས་སོགས་མཚོན་ཐུབ་པ་དགོས་པས་ཁ་བྱང་བཀླགས་པ་ཙམ་གྱིས་རྩོམ་གྱི་དོན་ཤེས་པ་ཞིག་དགོས། (2)ཁ་བྱང་གི་ནང་དོན་མདོར་བསྡུས་པོ་དགོས་ལ་ཡིག་འབྲུ་མང་དྲགས་ན་འཚམ་པོ་མེད་དེ། སྤྱིར་ཡིག་འབྲུ་ཉི་ཤུའི་ནང་ཚུད་དུ་ཚོད་འཛིན་བྱེད་ཐུབ་ན་ལེགས་ཤོས་རེད།

    2. ཅུང་རིང་བའི་དཔྱད་རྩོམ་ལ་ནང་དོན་གནད་བསྡུས་འབྲི་དགོས། དེ་ནི་ཀློག་པ་པོས་དཔྱད་རྩོམ་གྱི་བརྗོད་དོན་མགྱོགས་མྱུར་རྟོགས་ཕྱིར་རེད། ནང་དོན་གནད་བསྡུས་འབྲི་སྐབས་དོ་སྣང་བྱེད་དགོས་པ་ནི།

    (1)ཡི་གེ་ཉུང་བསྡུས་ཀྱིས་དོན་མཚོན་དགོས་ཏེ། སྤྱིར་ཚིག་འབྲུ་ཉིས་བརྒྱ་ནས་སུམ་བརྒྱའི་བར་འཚམ་ཤོས་རེད། (2)ནང་དོན་གནད་བསྡུས་ལ་བརྗོད་དོན་ཆ་ཚང་བ་གཙོ་གནད་འབུར་དུ་ཐོན་པ་དགོས་ཏེ། ཀློག་པ་པོས་དཔྱད་རྩོམ་དེའི་གྲུབ་ཆ་དང་། ཞིབ་འཇུག་བྱ་ཐབས། ལྟ་བ་གསར་པ་སོགས་གང་བསྟན་ཡོད་པ་ཤེས་ཐུབ་པ་དང་། ལྷག་པར་དུ་རྩོམ་དེའི་ཐུན་མོང་མ་ཡིན་པའི་ཆ་དང་། ཁྱད་ཆོས། དགེ་མཚན་སོགས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཀློག་པ་པོའི་ཡིད་དབང་འཕྲོག་ཐུབ་པ་དང་ཡིད་ལ་བག་ཆགས་ཟབ་མོ་འཇོག་ཐུབ་པ་དགོས།

    3. གླེང་གཞི་ནི་འགོ་བརྗོད་ཡིན་ཏེ། དེའི་ནང་དཔྱད་རྩོམ་འབྲི་བའི་དམིགས་ཡུལ་དང་། སྙིང་དོན། ཞིབ་འཇུག་བྱེད་པའི་རྒྱབ་ལྗོངས་དང་རྒྱུ་མཚན། ཞིབ་འཇུག་བྱ་ཐབས་གསལ་བཤད། ཐག་གཅོད་བྱེད་དགོས་པའི་གནད་དོན་བཅས་བརྗོད་དགོས།

    4. ནང་དོན་དངོས་གཞི་ནི། རྩོམ་པ་པོས་གང་བརྗོད་འདོད་དང་ཞིབ་འཇུག་བྱས་པའི་འབྲས་བུ་མཚོན་པར་བྱེད་པའི་གྲུབ་ཆ་གཙོ་བོ་ཡིན་པས། དཔྱད་རྩོམ་གྱི་སྲོག་ཤིང་ལྟ་བུ་རེད། རྩོམ་པ་པོས་རང་ཉིད་ཀྱི་གསར་གཏོད་རང་བཞིན་ལྡན་པའི་ལྟ་བ་དང་། རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས། བརྟག་དཔྱད་བྱས་པའི་ཁུངས་ལུང་། རྒྱུ་མཚན་སོགས་དྲངས་ནས་དཔྱད་རྩོམ་གྱི་རིན་ཐང་མངོན་པར་བྱེད་དགོས།

    5. མཇུག་བསྡུ་བ་ནི་དཔྱད་རྩོམ་དངོས་ཀྱི་ནང་དོན་ལ་ཕྱོགས་བསྡུས་བྱས་ནས་གནད་དོན་གང་བཏོན་པ་དེར་ཐག་གཅོད་ཇི་ལྟར་བྱེད་དགོས་པའི་རྩོམ་པ་པོའི་བསམ་ཚུལ་དང་ལྟ་བ་གསལ་སྟོན་བྱེད་པའི་ཕྱོགས་སྡོམ་ཡིན་སྟབས་དོན་བསྡུས་ལ་ཁ་གསལ་གོ་བདེ་ཞིག་དགོས།

    6. མཆན་འགྲེལ་དང་དཔྱད་གཞིའི་ཡིག་ཆ་ནི་དཔྱད་རྩོམ་ནང་མཁས་པའི་བཞེད་པ་དང་ཆ་འཕྲིན་སོགས་ལས་ལུང་དྲངས་ཡོད་ན་མཇུག་ཏུ་མཆན་འགྲེལ་རྒྱག་དགོས། གཞན་ཡང་དཔྱད་གཞིའི་ཡིག་ཆ་གང་སྤྱད་ཡོད་པ་དེའི་ཁ་བྱང་དང་། རྩོམ་པ་པོ། དཔེ་སྐྲུན་ཁང་། རྩོམ་སྤེལ་བའི་དུས་ཚོད་སོགས་འགོད་དགོས། 

    གཉིས་པ། དཔྱད་རྩོམ་འབྲི་བའི་གོམ་སྟབས།

    དཔྱད་རྩོམ་འབྲི་བའི་བརྒྱུད་རིམ་ནང་སྤྱིར་གོམ་སྟབས་གསུམ་བརྒྱུད་དགོས་ཏེ། སྔོན་འགྲོའི་གྲ་སྒྲིག་དང་། ཐོག་མའི་ཟིན་བྲིས་འགོད་པ། བཟོ་བཅོས་རྒྱག་པ་བཅས་སོ། ཞིབ་པར་དབྱེ་ན།

    1. དམིགས་ཡུལ་ལྡན་པའི་སྒོ་ནས་དཔྱད་རྩོམ་གྱི་ནང་དོན་གཏན་འཁེལ་བྱེད་དགོས། དེའི་ནང་རྩོམ་པ་པོའི་རྩོམ་ནུས་རྩོམ་རྩལ་དང་ལས་ཀའི་ཁྱད་ཆོས་སོགས་ལ་གཞིགས་ནས་གོམས་གཤིས་སམ་རྒྱུས་མངའ་ཡོད་པའི་བརྗོད་དོན་གཏན་འཁེལ་བྱེད་པ་དང་། ཉེ་འཁོར་གྱི་བྱ་དངོས་དང་རང་ཉིད་ཀྱི་མཐོང་ཐོས་སོགས་ནས་འགོ་བཙུགས་ཏེ་འབྲི་དགོས། ནང་དོན་གཏན་འཁེལ་བྱས་རྗེས་ཁ་བྱང་གནད་ལ་འཁེལ་བ་ཞིག་འཆར་འགོད་བྱེད་དགོས། དཔྱད་རྩོམ་དངོས་འབྲི་བར་ངེས་པར་དུ་དཔྱད་རྩོམ་གྱི་རྒྱུ་ཆ་འཚོལ་བསྡུ་བྱེད་དགོས། དེ་ནི་དུས་ཡུན་རིང་ལ་ཅུང་རྙོག་འཛིང་ཆེ་བའི་ལས་ཀ་ཞིག་ཡིན་པས། ཐོག་མ་ནས་འཆར་འགོད་ཡག་པོ་བྱེད་དགོས།

    2. དཔྱད་རྩོམ་མ་བྲིས་གོང་བརྗོད་བྱའི་གཙོ་གནད་ཟིན་ཐོ་འགོད་པ་དང་། རྩོམ་གྱི་སྒྲོམ་གཞི་འཆར་འགོད་བྱེད་དགོས། དེ་ནི་རྩོམ་གྱི་གོ་རིམ་མ་འཁྲུགས་པ་དང་ཟློས་སྐྱོན་མི་ཡོང་བ། དུམ་མཚམས་མི་འཁྲུག་པ་བཅས་ཀྱི་ཆེད་དུ་རེད། དཔྱད་རྩོམ་གྱི་མ་ཟིན་འབྲི་རྒྱུ། དཔྱད་རྩོམ་གྱི་རྒྱུ་ཆ་གྲ་སྒྲིག་ཨང་གསར་བྱེད་པ་དང་། བསམ་གཞིག་ནན་པོ་བྱེད་པ། གཙོ་གནད་ཟིན་ཐོ་འགོད་པ་སོགས་ཀྱི་རྨང་གཞིའི་ཐོག་མ་ཟིན་འབྲི་དགོས། མ་ཟིན་འབྲི་སྐབས་བརྗོད་འདོད་ཀྱི་དོན་རྣམས་ཕྱོགས་བསྡུས་བྱས་ནས་དུམ་བུ་རེ་རེ་བཞིན་འབྲི་དགོས་ཤིང། རྒྱུ་མཚན་གནད་ལ་འཁེལ་བ། བརྗོད་དོན་ཁ་གསལ་ལ་བསྡུས་པ། རྗོད་བྱེད་ཚིག་སྦྱོར་བདེ་བ། བརྗོད་དོན་ཕན་ཚུན་འདྲེས་འཛིང་གིས་ཟློས་སྐྱོན་དུ་མི་འགྲོ་བ་བཅས་དཔྱད་རྩོམ་གྱི་སྤུས་ཚད་ལ་ཡིད་གཟབ་བྱེད་དགོས།

    3. མ་ཟིན་ལ་བཟོ་བཅོས་རྒྱག་པ། དེ་ནི་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་ལ་བཟོ་བཅོས་རྒྱག་རྒྱུ་ཡིན་ཏེ། བཟོ་བཅོས་བྱེད་པའི་བརྒྱུད་རིམ་ནང་རགས་པ་ནས་ཕྲ་བ་དང་། ཆ་ཅན་ནས་ཆ་ཤས་བར་རིམ་པ་རེ་རེ་བཞིན་བཟོ་དགོས་ལ། བཟོ་ཐེངས་རེ་རེར་གནད་དོན་རེ་ཐག་གཅོད་བྱེད་དགོས། བཟོ་བཅོས་རྒྱག་སྐབས་དོ་སྣང་བྱ་རྒྱུར། བརྗོད་དོན་ཧྲིལ་པོར་བརྟག་དཔྱད་བྱེད་དགོས་པ་མ་ཟད་དུམ་མཚམས་སོ་སོར་བརྟག་དཔྱད་བྱེད་དགོས་པ། རྗོད་བྱེད་ཚིག་ལ་བརྟག་དཔྱད་བྱེད་དགོས་པ་མ་ཟད་བརྗོད་བྱའི་ཐབས་ཤེས་ལ་བརྟག་དཔྱད་བྱེད་དགོས། གཞན་ཡང་བཟོ་བཅོས་རྒྱག་སྐབས་རྒྱུ་ཆ་ཁ་གསབ་བྱེད་པ་དང་། སྙིགས་དོར་བཅུད་ལེན་བྱེད་དགོས། དེ་བཞིན་མངོན་བརྗོད་དང་བརྡ་རྙིང་སོགས་ཀྱི་ཚིག་མཁྲེགས་པོ་སྤྱོད་རྒྱུར་ཡིད་གཟབ་བྱེད་དགོས་ཤིང་། བྱ་ཚིག་དང་ཕྲད་རྣམ་དབྱེའི་སྦྱོར་ཚུལ་མི་ནོར་བ། རྗོད་བྱེད་ཚིག་སྙན་པོས་ཀློག་པ་པོའི་ཡིད་དབང་འཕྲོག་ཐུབ་པ། ཁ་སྐད་དང་ཡུལ་སྐད་སོགས་མ་འདྲེས་པ་བཅས་དགོས། མདོར་ན། སློབ་གསོ་སློབ་ཁྲིད་ཀྱི་ཞིབ་འཇུག་བྱས་འབྲས་ཡི་གེར་བཀོད་ནས་དཔྱད་རྩོམ་སྤེལ་རྒྱུ་ནི་ཅུང་དཀའ་ཚེགས་ཆེ་བའི་ལས་ཀ་ཞིག་ཡིན་ཏེ། རྩོམ་པ་པོར་ལས་ཀ་དང་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་དགོས་ལ། རྩོམ་འབྲིའི་ཤེས་བྱའི་ཆོས་ཉིད་ལྟར་དཔྱད་རྩོམ་གྱི་གྲུབ་ཆ་འཆར་འགོད་བྱེད་ཐུབ་པའི་རྩོམ་རྩལ་ལྡན་དགོས། ལྷག་པར་དུ་རྩོམ་པ་པོར་དཀའ་སྤྱད་བབ་ཆགས་ཀྱི་སྤྱོད་བཟང་དང་། རྒྱུན་གཏན་བརྩོན་པ་མི་ལྷོད་པའི་སྙིང་རུས། གཞན་ཕན་ལྷག་བསམ་ཟོལ་མེད་ཀྱི་ཀུན་སློང་བཅས་ལྡན་ཚེ་དཔྱད་རྩོམ་ལེགས་པོ་ཞིག་འབྲི་ཐུབ་པར་གདོན་མི་ཟའོ།

    (ཁྲེང་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་གི་མིག་དམར་གཅོད)

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།