[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་སློབ་མའི་སེམས་ཤུགས་དང་སྤྲོ་སྣང་འཕེལ་ཐབས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-30

    སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་སློབ་མ་ནི་སློབ་སྦྱོང་གི་དོན་སྙིང་མ་རྟོགས་པར་ཁྱིམ་བདག་གིས་སློབ་གྲྭར་བཏང་བས། སློབ་སྦྱོང་བྱེད་མ་འདོད་ཀྱང་བྱེད་རྒྱུ་རེད་བསམ་པ་ལས་རང་ཉིད་ཀྱིས་སློབ་སྦྱོང་གི་དགོས་པ་མ་རྟོགས་པ་དང་། ཤེས་བྱ་སྦྱོང་བའི་སྤྲོ་སྣང་མེད་པ། རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་དུས་རྒྱུན་སློབ་སྦྱོང་གི་སྦྱངས་འབྲས་ཞན་པ་དང་། དགེ་རྒན་འཛིན་གྲྭར་སླེབས་མ་ཐག་སུན་སྣང་བྱེད་པ། སློབ་མས་སེམས་ཁམས་ལ་བསམ་གཞིག་མི་བྱེད་པ་དང་། འདྲི་བར་ལན་རྒྱག་པ་སོགས་ལ་ལེ་ལོའི་བསམ་བློ་སྐྱེས་པ་དང་། སློབ་སྦྱོང་ལ་དགའ་ཞེན་གྱིས་གྲུབ་འབྲས་ལེགས་པོ་ཡོང་བའི་འདུན་པ་མེད་སྟབས། རང་ཉིད་ནས་ཡར་རྒྱས་འགྲོ་བཞིན་པའི་སློབ་མ་དེ་དག་གི་སྦྱངས་འབྲས་ཡར་རྒྱས་འགྲོ་བའི་ཐབས་ལམ་ཁག་གསུམ་ནས་གླེང་རྒྱུ་ཡིན།

    དང་པོ། སློབ་མའི་སེམས་ཁམས་ཀྱི་ངལ་དུབ་ཡང་དག་སེལ་དགོས།

    སློབ་མ་དེ་དག་ནི་སློབ་སྦྱོང་བྱེད་པའི་སྙིང་སྟོབས་མེད་པ་དང་། སུན་སྣང་གི་རྣམ་པ་ཤུགས་ཆེན་ལྡན་པ། བློ་རྩེ་གཅིག་སྒྲིམ་མི་ཐུབ་པས། དགེ་རྒན་གྱིས་སློབ་མ་དང་མཉམ་དུ་འབྲེལ་འདྲིས་མང་ཙམ་བྱས་ནས་སློབ་མའི་སེམས་རྒྱུད་དང་ཁྱིམ་ཚང་གི་གནས་ཚུལ་སོགས་ལ་རྒྱུས་མངའ་བླངས་ནས་སྐབས་བསྟུན་གྱི་ངག་འཇམ་ཐབས་མཁས་ཀྱི་སྒོ་ནས་སློབ་གསོ་བརྒྱབ་སྟེ། སློབ་མའི་སྙིང་དབུས་སུ་དགེ་རྒན་གྱིས་རང་ཉིད་ལ་ལྟ་རྟོག་དང་མཐོང་ཆེན་བྱེད་པའི་སྤྲོ་སྣང་གི་སྣང་བ་སྟེར་ཚེ། སློབ་མ་དེ་དག་གི་སེམས་ལ་དུས་རྒྱུན་དཔའ་ཞུམ་པ་དང་། སློབ་ཕྲུག་གཞན་དང་ཕན་ཚུན་འབྲེལ་འདྲིས་བྱེད་མི་ཕོད་པའི་བསམ་བློར་འགྱུར་ལྡོག་བྱུང་ནས་སེམས་ཁམས་ཀྱི་ངལ་དུབ་སེལ་ཐུབ་པ་དང་། དགེ་རྒན་གྱིས་སློབ་གསེང་དུས་སུ་སློབ་མ་དེ་དག་ལ་མཐོང་ཆུང་མི་བྱེད་པར་རང་ཉིད་ཀྱི་འཁྲིས་སུ་སྐད་བཏང་སྟེ་ཁ་ཏ་མང་ཙམ་བྱས་ནས་དགེ་སློབ་དབར་གྱི་འབྲེལ་བའི་རྨང་གཞི་བཟང་པོ་ཞིག་བཙུགས་ཚེ་སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་སློབ་མའི་ངོས་ནས་བརྗོད་ན་དེ་ནི་སེམས་ཀྱི་ཁུར་པོ་ཆེན་པོ་ཞིག་འཇོག་ཐུབ་པར་འགྱུར་ངེས།

    གཉིས་པ། སློབ་སྦྱོང་གི་གོམས་གཤིས་ཡག་པོ་འཇགས་པར་བྱེད་དགོས།

    སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་སློབ་མ་དེ་དག་ནི་རིག་པ་མི་རྣོ་བ་དང་རིག་པ་མི་གསལ་བ་ཞིག་རྩ་བ་ནས་མིན། དུས་རྒྱུན་ལེ་ལོ་དང་སྒྱིད་ལུག་གི་བསམ་པ་ཤུགས་ཆེ་བ་དང་། རང་འགུལ་གྱི་སློབ་སྦྱོང་བྱེད་པའི་བསམ་པ་མེད་ལ། དཀའ་ངལ་ཏོག་ཙམ་ཕྲད་པ་དང་ངལ་བ་ཁྱད་བསད་བྱེད་མི་ཐུབ་པ། ཡིད་ཐང་ཆད་པའི་རྣམ་པ་ཞིག་བསྟན་པས་སློབ་སྦྱོང་གི་སྦྱངས་འབྲས་ནམ་ཡང་ཡར་རྒྱས་འགྲོ་མི་ཐུབ། དེར་བརྟེན། དགེ་རྒན་གྱིས་སློབ་མ་དེ་དག་ལ་ངང་རྒྱུད་རིང་པོས་སློབ་ཁྲིད་བྱེད་པ་དང་སློབ་ཁང་དུ་སྡོད་སའི་སྟར་པ་མདུན་དུ་བཞག་སྟེ། སློབ་ཚན་འཚོག་དུས་སྟབས་བདེའི་དྲི་བ་འདོན་སྐབས་མིང་འབོད་དེ་ལན་འདེབས་སུ་འཇུག་པ་དང་། སློབ་མ་གཞན་རྣམས་ཀྱིས་བསྟོད་བསྔགས་བྱེད་དུ་བཅུག་སྟེ་སློབ་ཚན་སྐབས་ལན་འདེབས་ཕོད་པའི་སྙིང་སྟོབས་ཤིག་སྤྲོད་དགོས་པ་དང་། རྣམ་ཀུན་ཁྱིམ་སྦྱོང་མི་འབྲི་བའི་གོམས་གཤིས་ངན་པར་དགེ་རྒན་གྱིས་དང་ཐོག་སློབ་མ་དག་ལ་སྦྱོང་ཚན་ཉུང་ཞིང་མིང་དང་ཚིག་བཤུ་འབྲི་བྱེད་དུ་འཇུག་པ། སྦྱོང་ཚན་བཅོས་རྒྱག་སྐབས་ཡིག་གཟུགས་ལེགས་པོ་མེད་པ་དང་དག་ནོར་སོགས་བྱུང་ཡང་དགེ་རྒན་རང་ཉིད་ནས་དེ་དག་ནོར་བཅོས་བྱས་ཏེ་སྦྱོང་ཚན་གྱི་འོག་ཏུ་ཡག་པོ་འདུག་ཞེས་འབྲི་བ་དང་། སློབ་ཚན་འཚོག་སྐབས་ཁྱིམ་སྦྱོང་དུས་ཐོག་ཏུ་བྲིས་པའི་སྐོར་ལ་བསྟོད་བསྔགས་བྱས་ཚེ། སྦྱོང་ཚན་འབྲི་བའི་གོམས་གཤིས་བཟང་པོ་འཇགས་ནས་རྗེས་སུ་སློབ་མ་གཞན་དང་མཉམ་དུ་སྦྱོང་ཚན་དུས་ཐོག་ཏུ་ལེགས་སྒྲུབ་བྱ་སྲིད། ངག་འཇམ་ཐབས་མཁས་ཀྱི་སྒོ་ནས་སློབ་མ་དག་ལ་དེ་སྔོན་དང་བསྡུར་ན་ཡར་རྒྱས་ཕྱིན་འདུག་ཅེས་བསྟོད་བསྔགས་བྱས་ནས་སློབ་མར་སྨྱུ་གུ་དང་ཞྭ་སྨྱུག་སོགས་ཉོས་ཏེ་འཛིན་གྲྭའི་ནང་བྱ་དགའ་སྦྲད་ཚེ་སློབ་སྦྱོང་བྱེད་པའི་སྤྲོ་སྣང་ཞིག་དང་སེམས་ཤུགས་ཤིག་རང་བཞིན་ངང་སླེབས་ཏེ་སློབ་སྦྱོང་ལ་འཛིན་པའི་ལྟ་བ་ལེགས་པོ་ཞིག་ཆགས་ཐུབ།

    གསུམ་པ། ཁྱིམ་ཚང་གི་སློབ་གསོ་ཡང་དག་ཐོབ་པར་བྱེད་དགོས།

    ཁྱིམ་བདག་ཚོས་ཕྲུ་གུར་སློབ་གསོ་གཏོང་སྐབས་རྒྱལ་ཁ་ཐོབ་ཚེ་སྤོབས་པ་མི་བྱེད་པ་དང་། ཕམ་ཉེས་ཡོང་སྐབས་ཡིད་ཐང་མི་ཆད་པ། ཕམ་པ་ནི་རྒྱལ་ཁའི་རྩ་བ་ཡིན་པ་དང་ངར་ལྕགས་ནི་བཙོ་སྦྱངས་བྱས་པ་ལས་བྱུང་བའི་ལྟ་བ་ཞིག་བཟུང་དགོས་པའི་བསླབ་བྱ་བྱེད་དགོས་པ་དང་། ཕྲུ་གུའི་སྙིང་སྟོབས་སྲ་ཞིང་བརྟན་པ་ཞིག་གསོ་སྐྱོང་བྱེད་གལ་ནི་ཧ་ཅང་ཆེ་བ་ཞིག་རེད།

    ཁྱིམ་ཚང་གཅིག་ནང་ཕ་མ་རྣམ་གཉིས་ནི་ཕྲུ་གུའི་དམིགས་དཔེ་བལྟ་ཡུལ་ཞིག་ཏུ་གྱུར་ཡོད། ཁྱིམ་བདག་གིས་དང་ཐོག་ཕྲུ་གུའི་གམ་དུ་དུས་དང་རྣམ་པ་ཀུན་ཏུ་ལས་ཀ་བྱེད་སྟངས་དང་སྐད་ཆ་ཤོད་སྟངས་སོགས་ལ་བག་ཆགས་བཟང་པོ་ཞིག་འཇོག་དགོས། ཕྲུ་གུར་མི་འདང་བའི་གནད་དོན་དང་ནོར་འཁྲུལ་བྱུང་ཚེ་ལག་པ་གང་བྱུང་དུ་བཀྱགས་ནས་ཞུས་པ་དང་། ཚིག་རྩུབ་སྨྲ་བ། མ་རབས་ཐ་ཤལ་གྱི་སྒོ་ནས་ཕྲུ་གུ་གཅུན་ཐབས་བྱེད་པའི་ཐབས་ཤེས་དེ་ནི་ཁྱིམ་བདག་གཅིག་གི་ངོས་ནས་བརྗོད་ན་འུ་ཐུག་ཐབས་ཟད་ཡིན་སྟབས། ཁྱིམ་བདག་ནས་ཕྲུ་གུར་ངག་འཇམ་ཐབས་མཁས་ཀྱིས་ཡང་དག་པའི་སློབ་གསོ་དང་གནད་ལུགས་རྒྱུ་མཚན་དྲངས་ནས་ཕྲུ་གུའི་སྤྱོད་ལམ་བཟང་པོ་ཞིག་གསོ་སྐྱོང་ཐུབ་པའི་རྨང་གཞིའི་ཐོག ཁྱིམ་བདག་ནས་ཕྲུ་གུའི་སློབ་སྦྱོང་གི་རྣམ་པ་དང་སྤུས་ཚད་ཆ་རྒྱུས་ལོན་པར་བྱེད་པ་དང་། དུས་རྒྱུན་ནས་སྦྱང་ཚན་ཁག་ལ་ཞིབ་བཤེར་དང་། ཞོགས་སྔ་ལངས་ཀྱིས་ཕྲུ་གུར་སྐད་ཡིག་ཁག་ལ་ལྟ་ཀློག་བྱེད་པའི་གོམས་གཤིས་དང་། ཕྲུ་གུའི་སློབ་སྦྱོང་གི་ཤེས་ཚད་དང་བསྟུན་ནས་ཕྲུ་གུར་རེ་བ་ནན་པོ་འདོན་པ་ལས་མཐོ་དྲག་རྒྱུ་མེད། “ཁ་ལ་དཔག་པའི་སོ་ལྟར”ཡོང་བ་བྱེད་དགོས་པ་ལས། “མ་འཁྱོག་བོང་བུའི་ཁལ་འགེལ་བ”ལྟ་བུ་བྱེད་རྒྱུ་མེད། ཁྱིམ་བདག་གྱིས་དགེ་རྒན་དང་འབྲེལ་བ་མང་ཙམ་བྱས་ཏེ་སློབ་གྲྭའི་ནང་ཕྲུ་གུའི་སྤྱོད་ལམ་དང་སློབ་སྦྱོང་བྱེད་སྟངས་ཀྱི་རྣམ་འགྱུར་བཅས་ལ་དོ་ཁུར་མང་ཙམ་བྱེད་དགོས་པ་དང་། དེ་ལྟར་བྱུང་ཚེ་ཕྲུ་གུ་དེའི་ཀུན་སྤྱོད་དང་སློབ་སྦྱོང་གང་སྤྱིར་འགྱུར་ལྡོག་ཕྱིན་པར་ཕན་འབྲས་ངེས་ཅན་ཞིག་ཐོན་ཐུབ།

    མདོར་ན། ཕྲུ་གུར་འགྱུར་ལྡོག་གཏོང་བར་གཙོ་བོ་ཕ་མའི་གཞོགས་འདེགས་དང་། དགེ་རྒན་གྱི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད། ང་ཚོས་སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་ལོ་ཆུང་བྱིས་པ་དེ་དག་ལ་དགེ་རྒན་དང་ཕ་མས་ཡིད་ཆེས་ཀྱིས་ཁེངས་པའི་ངང་ནས་སློབ་གསོ་བརྒྱབ་སྟེ། སློབ་མ་དེ་དག་གི་སེམས་ཁམས་ཀྱི་ངལ་དུབ་སེལ་ཐུབ་པ་དང་། སློབ་སྦྱོང་ལ་འཛིན་པའི་ལྟ་བ་ལེགས་པོ་ཞིག་ཆགས་པ། མི་དང་འབྲེལ་འདྲིས་བྱེད་ཕོད་པའི་སྙིང་སྟོབས་ཤིག་དང་། བྱམས་མཁས་བློ་འགུགས་ཀྱི་ངང་ནས་བློ་རིག་བཀྲ་བའི་སློབ་མ་དག་ལ་སེམས་ལ་ཕོག་ཐུག་མི་ཕོག་པར་བྱས་ཏེ། དུས་རབས་དང་རྗེས་ཟིན་པའི་ཤེས་ལྡན་མི་སྣ་ཞིག་གསོ་སྐྱོང་བྱེད་པ་ནི་ང་ཚོའི་ཕྲག་ཏུ་འབབ་པའི་འགན་འཁྲི་འདོར་ཐབས་མེད་པ་ཞིག་རེད།

    (ཁྲེང་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་གི་བཀྲ་ཤིས་ཆོས་སྒྲོན)

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།