[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཁྲིད་སྐབས་སུ་PPTསྤྱོད་སྟངས་དང་དེའི་དགེ་མཚན་རགས་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-08

    དེང་གི་དུས་སུ་ཏང་གི་སྲིད་ཇུས་བཟང་པོའི་དྲིན་ལས་སྲོལ་རྒྱུན་གྱི་རིག་གནས་མང་པོ་རིམ་བཞིན་སླར་གསོ་ཐུབ་ནས་བརྩོན་སེམས་ཅན་གྱི་རྗེས་རབས་པ་རྣམས་ལ་སྦྱངས་བརྩོན་གྱི་དོ་ར་ལེགས་པོ་ཞིག་བསྐྲུན་ཡོད། ལྷག་དོན་དུ་བསླབ་གཞི་གསར་པའི་སྒྱུར་བཅོས་ཀྱི་ཚ་རླབས་དང་ཚན་རྩལ་གོང་དུ་འཕེལ་བའི་དེང་གི་དུས་འདིར། རིག་པའི་གནས་དེ་དག་རྒྱུན་འཛིན་པ་རྣམས་སློབ་ཁྲིད་བྱ་བར་གཞོལ་མཁན་དག་ལ་སྟབས་བདེ་བའི་ཐབས་ལམ་མང་དག་ཅིག་སློབ་གསོ་སློབ་ཁྲིད་ཀྱི་ལག་ལེན་དངོས་ནང་བཀོལ་སྤྱོད་བྱེད་བཞིན་མཆིས། དེ་དག་ལས་PPTནི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱིས་གཙོས་པའི་སློབ་གསོའི་བྱ་གཞག་གི་དོ་ར་ཡོད་ཚད་ན་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་ནི་ཀུན་གྱི་མཐོང་ཆོས་སུ་གྱུར། རྩོམ་འདིར་ཡང་ལོ་འགའི་སློབ་ཁྲིད་མྱོང་བ་དངོས་དང་འབྲེལ་PPTབཀོལ་སྤྱོད་བྱས་པ་ལས་བོད་སྐད་ཡིག་སློབ་ཁྲིད་ཁྲོད་ཐོན་པའི་དགེ་མཚན་སྐོར་གླེང་ནས། ཕྱིས་འབྱུང་PPTབཀོལ་སྤྱོད་བྱེད་སྐབས་ཇི་ལྟར་སྐྱོན་སྤངས་དགེ་སྐྱོང་གིས་རྗེས་རབས་པ་གསོ་སྐྱོང་ལ་རམ་འདེགས་བྱེད་པའི་སྐོར་ལ་རང་བློས་རགས་ཙམ་དཔྱད་པ་ཡིན།

    དང་པོ། བསླབ་གཞིའི་ནང་དོན་དང་སྒྲ་བརྙན་ཟུང་དུ་འབྲེལ་བས་དགེ་མཚན་ཆེན་པོ་ལྡན་པ།

    བསླབ་གཞི་གསར་པའི་སྒྱུར་བཅོས་ཀྱི་ཚ་རླབས་འོག གོང་རིམ་གྱི་འགན་འཁུར་ཚན་ཁག་ནས་དགེ་རྒན་གྱི་ཆེད་ལས་ཡོན་ཚད་ལ་མཐོང་ཆེན་བྱེད་པ་དང་ཆབས་ཅིག ད་ལྟའི་སློབ་ཁྲིད་ཀྱི་དགོས་མཁོ་དང་བསྟུན་ནས་གློག་ཀླད་སྤྱོད་སྟངས་སྦྱོང་བརྡར་ཐེངས་མང་བྱས་པས། ད་ཆ་དགེ་རྒན་མང་པོས་PPTབཀོལ་སྤྱོད་ལེགས་པོ་བྱེད་ཐུབ་ལ། PPTཡི་ལམ་ནས་བསླབ་གཞིའི་ནང་དོན་དང་སྒྲ་བརྙན་ཟུང་འབྲེལ་གྱིས་ཁྲིད་བྱའི་གཙོ་གནད་ཁག་ཁ་གསལ་ཞིང་གསོན་ཉམས་དོད་པོས་ཉན་པ་པོར་བརྒྱུད་སྤྲོད་ཐུབ་པ་མ་ཟད། སློབ་མའི་བློ་ཡུལ་དུའང་བརྟན་པོར་འཇགས་ཐུབ། དེ་བཞིན་སློབ་ཁྲིད་ཀྱི་སྐབས་སུ་མིང་དང་ཐ་སྙད་འགར་ཡིག་ཐོག་ནས་གསལ་འགྲེལ་ཇི་ལྟར་བྱས་ཀྱང་སློབ་མས་ད་དུང་གོ་དོན་རྟོགས་ཐུབ་ཀྱི་མེད། ལྷག་པར་དུ་ཐ་སྙད་འགའ་ཤས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་སྤྱོད་ཉུང་བས་སློབ་མ་ཚོས་སྣང་ངོར་འཆར་དཀའ་བར་གྱུར། PPTལས་ཐ་སྙད་གང་དེའི་དངོས་པོའི་གཟུགས་དབྱིབས་དང་ཁྱད་ཆོས་སོགས་ཇི་མར་བསྟན་ཆོག་ལ། ཡིག་རིགས་གསལ་བྱེད་སོགས་བརྒྱུད་ནས་སློབ་མར་སྟོན་ཐུབ་པས། སློབ་མའི་བག་ཆགས་ཟབ་ཏུ་གཏོང་བ་ཙམ་མ་ཟད། ཡི་གེ་རྐྱང་པར་བརྟེན་དྲགས་ནས་སློབ་མའི་སློབ་སྦྱོང་གི་སྤྲོ་བ་ཉམས་པའི་སྐྱོན་ཆའང་ཚད་ངེས་ཅན་ཞིག་སྤོང་ཐུབ།

    གཉིས་པ། སློབ་མའི་རང་སྦྱོང་གི་འདུ་ཤེས་དང་བསམ་གཞིག་གི་ནུས་པ་གསོ་སྐྱོང་ཐུབ་པ།

    སློབ་ཁྲིད་སྐབས་སུ་དགེ་རྒན་གྱི་གང་ཁྲིད་པ་ཆ་ཚང་སློབ་མ་ཚོའི་ཡིད་ལ་ངེས་དཀའ་བ་མ་ཟད། ཟིན་བྲིས་སུའང་ཇི་བཞིན་འགོད་དཀའ་བས། སློབ་ཚན་གྲོལ་རྗེས་སེམས་སུ་ངེས་ཚད་ཀྱང་མཐོ་པོ་མེད་ལ། སྐབས་འགར་གང་ཞིག་གཙོ་གནད་དང་ངེས་པར་དུ་ཡིད་ལ་འཛིན་དགོས་པའི་སྐོར་ཡང་རབ་རིབ་ཏུ་གྱུར་པ་རེད། དེ་བས་སློབ་ཚན་གྲོལ་རྗེས་སློབ་མས་སློབ་ཁྲིད་ཀྱི་ནང་དོན་ཆ་ཚང་ཡིད་ལ་མ་ངེས་པས། རང་སྦྱོང་གི་འདུ་ཤེས་དང་བསམ་གཞིག་གི་ནུས་པའང་བསྐྱེད་དཀའ་བར་གྱུར། ད་ཆ་བསླབ་གཞི་གསར་པའི་སྒྱུར་བཅོས་ཀྱི་ཚ་རླབས་དང་ཚན་རྩལ་གོང་དུ་འཕེལ་བའི་དུས་བཟང་སྨིན་པས། PPTསོགས་སློབ་གསོ་སློབ་ཁྲིད་ཀྱི་ཐབས་ལམ་གསར་པ་གང་མང་མང་བཀོལ་སྤྱོད་བྱེད་ཐུབ་པ་དང་། PPTལམ་ནས་ཚོགས་ཐུན་གཅིག་གི་གནད་འགག་དག་སློབ་མར་གསོན་ཉམས་དོད་པོས་མཚམས་སྦྱོར་བྱེད་ཐུབ་པ་མ་ཟད། ཚོགས་ཐུན་རྗེས་མའི་སློབ་ཁྲིད་ཀྱི་ནང་དོན་དང་། དཀའ་གནད། འབྲེལ་ཡོད་ཀྱི་ལྟ་ཀློག་སོགས་ཀྱང་གསལ་པོར་འགོད་ཆོག་པས། སློབ་མའི་རང་སྦྱོང་དང་བསམ་གཞིག་གི་གོམས་གཤིས་བཟང་པོ་སྐྱེད་སྲིང་ཐུབ།

    གསུམ་པ། PPTདང་དགེ་རྒན་གྱི་སློབ་ཁྲིད་ཟུང་འབྲེལ་བྱེད་པ།

    PPTལས་དགེ་རྒན་གྱིས་ཁྲིད་རྐྱང་དང་སློབ་ཕྲུག་གིས་ཉན་རྐྱང་བྱེད་པའི་སྔར་སོང་གི་ཞན་ཆ་མི་ཉུང་བ་ཞིག་ལེགས་བཅོས་ཐུབ་ཀྱང་། དེར་བརྟེན་དྲགས་ན་སྐབས་འགར་ཡང་དགེ་མཚན་ལས་སྐྱོན་ཆ་མང་དུ་འགྲོ་སྲིད་དེ། སྐབས་འགར་དགེ་རྒན་ཚོས་སློབ་ཁྲིད་ཀྱི་ནང་དོན་ཆ་ཚང་PPTརུ་བཀོད་ནས་སློབ་ཁྲིད་སྐབས་སུ་བསྟན་རྗེས། ཞིབ་ཆ་ལྡན་པ་དང་ཡང་ནས་ཡང་དུ་རྣལ་མོར་མི་བཤད་པ་དང་། སློབ་མས་བསམ་བློ་གང་ཡང་མི་གཏོང་བར་ཟིན་བྲིས་སུ་ཇི་མ་ཇི་བཞིན་འདེབས་ལ། དགེ་རྒན་གྱི་ངག་ནས་ཁྲིད་པའི་ནང་དོན་ལ་སྣང་བ་ཆེར་མི་བྱེད་པས། སློབ་ཚན་སྐབས་ཀྱི་འཁྲུག་ཆ་དང་དགེ་སློབ་དབར་གྱི་བགྲོ་གླེང་སོགས་ཀྱང་ཅུང་ཉམས་པར་འགྱུར་སྲིད། PPTནི་བརྗོད་གཞི་ཞིག་གི་ནང་དོན་དང་། བརྒྱུད་རིམ། གལ་ཆེ་བའི་གནད་སོགས་དམིགས་སུ་བཏོན་ཏེ་འཆད་ཁྲིད་པའམ་གཏམ་བཤད་པ། ཡང་ན་དགེ་རྒན་སོགས་གང་རུང་གིས་རེ་རེ་བཞིན་ངག་ནས་གསལ་འགྲེལ་བྱས་ནས། ཉན་པ་པོ་དང་སློབ་མའི་རྒྱུད་ལ་འཇགས་པར་བྱེད་པའི་ཐབས་ལམ་ཅིག་ཡིན་ཏེ། དེར་ཡིག་ཚོགས་ཉུང་ལ་བསྟན་བྱའི་དོན་བསྡུས་པ། པར་རིས་དང་བརྙན་ལམ་སོགས་འདུས་པའི་ཁྱད་ཆོས་ལྡན་པ་རེད། ཡིན་ཡང་འདམ་གསེས་ཅི་ཡང་མ་བྱས་པར་ཆ་ཚང་PPTརུ་བཅུག་ནས་སྟོན་པ་དང་། དགེ་རྒན་གྱི་གསལ་འགྲེལ་ཞིབ་མོ་མི་བྱེད་པ་ནི་སློབ་ཁྲིད་ཀྱི་ཕན་ཡོན་དང་སློབ་མའི་རྟོགས་ཚད་སོགས་གང་གི་ཆ་ནས་ཀྱང་དགེ་སྐྱོན་གཉིས་སུ་སྐྱོན་མང་དུ་མཐོང་བས། PPTའོས་འཚམ་གྱིས་སྤྱོད་དགོས་པ་མ་ཟད། PPTདང་དགེ་རྒན་གྱི་སློབ་ཁྲིད་གཉིས་ཟུང་འབྲེལ་ལེགས་པོ་བྱེད་དགོས།

    (ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་བློ་བཟང་རྡོ་རྗེ)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།