[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་འབྲིང་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་ཐབས་སྐོར་གྱི་བསམ་གཞིགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-17

    རྩོམ་ཡིག་ནི་སྐད་ཡིག་རིག་ཚན་གྱི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་བྱེད་པའི་ཐབས་ལེགས་ཤོས་ཤིག་ཡིན་པ་མ་ཟད། རང་གི་ལྟ་བ་དང་བསམ་བློ་སོགས་མངོན་པའི་ཐབས་དམ་པ་ཞིག་ཡིན་ཞིང་། དེས་མི་རིགས་རང་ཉིད་ཀྱི་རིག་གནས་རྒྱུན་འཛིན་དར་སྤེལ་དང་ཤེས་བྱ་གསར་པ་ཁྱབ་སྤེལ་ལ་ནུས་པ་བླ་ན་མེད་པ་ཐོན་གྱི་ཡོད།  སྔ་རབས་བོད་ཀྱི་མཁས་དབང་མང་པོས་ཀྱང་རྩོམ་པ་དང་བསྒྱུར་བ་གཉིས་ལ་དོ་སྣང་ཆེས་ཆེར་བྱས་ཏེ།  གླེགས་བམ་རི་བོའི་གཏོས་ལྟར་མཛད་ཡོད་ལ།  འཆད་རྩོད་རྩོམ་གསུམ་ཞེས་མཁས་པའི་བྱ་བར་བགྲངས་ཤིང་།  སྒྲ་སྦྱོར་བམ་གཉིས་སོགས་ལོ་ཙཱའི་གཞུང་དང་།   བསྟན་བཅོས་རྩོམ་པའི་དགོས་པ་སོགས་མང་དག་གསུངས་ཡོད།   དེང་གི་རྩོམ་རིག་པ་དང་སློབ་གསོ་སྨྲ་བ་སོགས་མང་དག་གིས་ཀྱང་གཞོན་ནུ་ལོ་ཆུང་ལ་རྩོམ་འབྲིའི་དགའ་ཞེན་དང་གོམས་གཤིས་ལེགས་པོ་ཞིག་བསྐྱེད་སྲིང་བྱེད་རྒྱུ་ནི་སྐད་ཡིག་དང་བསམ་བློའི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་ལ་ཤིན་ཏུ་སྨན་པའི་ཐབས་དམ་པར་ངོས་འཛིན་བཞིན་ཡོད་པས། སློབ་འབྲིང་སློབ་མའི་སྐད་ཡིག་གི་བྱང་ཚད་མཐོར་འདེགས་གཏོང་དགོས་ན་རྩོམ་ཡིག་འབྲི་བ་ནི་མེད་དུ་མི་རུང་ངོ་།། གཞན་རྩོམ་པ་པོ་ལེགས་པོ་ཞིག་གིས་མི་རིགས་དང་སྐད་ཡིག་ལ་ཕན་པ་བླ་མེད་སྦྱིན་པ་མ་ཟད། མིའི་རིགས་ཀྱི་ཤེས་དཔལ་དང་འབྱོར་ཕྱུག ཀུན་སྤྱོད་དང་རིན་ཐང་ལྟ་བ་སོགས་ཕྱོགས་ཅི་ལའང་ཕན་པ་བླ་མེད་དུ་བསྐྲུན་ཐུབ་པ་ཡིན།

    དེ་ལྟར་སློབ་འབྲིང་སློབ་མ་ཞིག་གི་ངོས་ནས་བརྗོད་ན་རྩོམ་ཡིག་འབྲི་བ་ནི་རང་གི་ཕྱོགས་བསྡུས་བྱང་ཚད་གོང་འཕེལ་གཏོང་བའི་ཐབས་དམ་པ་ཞིག་ཡིན་པས། དཔལ་འབྱོར་གྱི་ཚ་རླབས་དང་ཚན་རིག་གི་གསར་གཏོད་ཛ་དྲག་གིས་འཕེལ་ཞིང་། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོས་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་སྤྱི་ལ་སྦྱོང་སྤྱོད་སྤེལ་གསུམ་བྱེད་པའི་སྐལ་བཟང་གི་ཉི་གཞོན་མཁའ་ནས་ཆེས་ཆེར་རྒྱས་པའི་དུས་བཟང་འདིར། ངེད་ཅག་གི་གཞོན་ནུ་མང་པོས་གོ་སྐབས་བཟང་པོ་དམ་དུ་བཟུང་སྟེ་དགེ་རྒན་དང་ཕ་མའི་ཁྲིད་སྟོན་འོག་རང་སྐད་ཡིག་གིས་གཙོས་པའི་རིག་ཚན་མང་པོར་སྔར་ལས་ལྷག་པའི་འབད་བརྩོན་བྱེད་བཞིན་ཡོད་ལ། དེང་འདིར་སྔོན་དང་མི་འདྲ་བར་ཚགས་ཤོག་དང་དུས་དེབ་སོགས་རྩོམ་རྩལ་ངོམས་སའི་གར་སྟེགས་མང་པོ་ཆར་རྗེས་ཀྱི་ཤ་མོང་ལྟར་འཕེལ་བཞིན་ཡོད་པས། སློབ་མ་མང་པོས་དེ་དག་ཐོག་རྩོམ་ཡིག་རེ་ཟུང་རེ་འགོད་ཐུབ་པ་ནི་རང་གི་གཟི་བརྗིད་དུ་བརྩི་བ་དང་། ཡང་ན་སྐད་འཕྲིན་སོགས་སུ་སྤེལ་ཏེ་རང་གི་རྩོམ་ཡིག་དང་བསམ་བློ་གཞན་ལ་བསྒྲགརྒྱུར་སྔོན་དང་མི་འདྲ་བའི་གོ་སྐབས་འཕྲད་ཀྱི་ཡོད་པ་ཙམ་མ་ཟད། ནར་མ་སོན་པའི་གཞོན་ནུའི་སེམས་ཁམས་སུ་ང་རྒྱལ་དང་སྤོབས་པ་སྐྱེ་སླ་བས། ཁོ་ཚོས་དེ་མ་ཉིད་དུ་རང་ཉིད་རྩོམ་པ་པོ་མཁས་ཅན་ཞིག་ཏུ་རེ་བ་དང་། དེ་ལྟར་མ་བྱུང་བའི་རྐྱེན་གྱིས་ཁོ་ཚོའི་སེམས་ཤུགས་སླར་ཡང་ཉམས་ཏེ་རྩོམ་འབྲིའི་དྭངས་ཞེན་གུད་འགྲོ་བ་ཡིན།

    ཡང་སློབ་མ་འགའ་ཞིག་ནི་མ་གཞི་རྩོམ་ཡིག་འབྲི་རྒྱུར་དགའ་མོས་ཡོད་ཀྱང་རང་གི་རྩོམ་ཡིག་ཚགས་ཤོག་སོགས་སུ་མ་འཁོད་པའི་དབང་གིས་རྩོམ་འབྲིའི་དྭངས་བ་མི་འཕེལ་བ་སོགས་སྣ་ཚོགས་སུ་སྣང་ངོ་།། འཇར་པན་གྱི་རྩོམ་པ་པོ་ཀྲི་པན་ཤིའུ་རྡ་ཡིས“རྩོམ་ཡིག་འབྲི་བའི་ནོར་འཁྲུལ་ཆེ་ཤོས་ནི་དེ་མ་ཉིད་དུ་རྩོམ་ཡིག་སྤུས་དག་རེ་འགྲུབ་པའི་བསམ་པ་དེའོ”ཞེས་དང་། ཧྥ་རན་སིའི་གྲགས་ཅན་རྩོམ་པ་པོ་ཨན་ཏེ་ལེ་ཅི་ཏེ་ཡིས“ངས་རྒྱུན་པར་ཐ་སྙད་རེ་རེ་བཞིན་ཀླད་པའི་ནང་ཡུན་རིང་བསམ་གཞིགས་བྱས་རྗེས།གཞི་ནས་ཡིག་ཐོག་ཏུ་འགོད་པ་ཡིན”ཞེས་པ། དེ་བཞིན་རང་རེའི་སྔོན་བྱོན་མཁས་དབང་གུང་ཐང་བསྟན་པའི་སྒྲོན་མེས“ཞུགས་མ་ཐག་ནས་མཁས་པའི་གོ་འཕངས་འདོད།  ཞག་གསུམ་ལོན་ཚེ་བརྗེད་མེད་གཡེང་བས་ཁྱེར”ཞེས་པ་སོགས་མང་དུ་གསུངས་ཡོད་པ་ལྟར། རྩོམ་པ་པོ་ལེགས་པོ་ཞིག་ཏུ་འགྱུར་བ་ནི་ཉིན་རེ་འགའི་ལས་ཀ་ཞིག་མ་ཡིན་པར་ངང་རྒྱུད་རིང་པོས་འབད་བརྩོན་རྒྱུན་སྲིང་བྱེད་དགོས་པ་ཡིན།

    འདིར་གླེང་བར་བྱ་བའང་སློབ་འབྲིང་སློབ་མའི་བོད་སྐད་ཡིག་གི་རྩོམ་ཡིག་འབྲི་བའི་ནུས་པ་ཇི་ལྟར་སྐྱེད་སྲིང་བྱ་བའི་ཚུལ་རྣམས་རང་གི་ཉམས་མྱོང་དང་།མཁས་པ་གཞན་གྱི་དགོངས་ཚུལ་སོགས་ལ་སྦྱར་ནས་སྨྲ་བར་འདོད་ལ། དེས་ཀྱང་བོད་སྐད་ཡིག་གི་འཕེལ་རྒྱས་དང་རྒྱུན་འཛིན་གྱི་བྱ་གཞག་རྒྱ་མཚོ་ཆེན་པོར་ཆུ་ཐིགས་ཙམ་གྱི་ཕན་ནུས་འབྱིན་པར་སྙིང་དབུས་ནས་སྨོན་ནོ།།

    དང་པོ། རྩོམ་ཡིག་འབྲི་བའི་དམིགས་ཡུལ་དང་ཕན་ནུས་གསལ་རྟོགས་བྱེད་དགོས།

    (གཅིག)རྩོམ་ཡིག་འབྲི་བ་ནི་སྐད་ཡིག་གི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་བྱེད་པའི་ཐབས་དམ་པ་ཡིན།

    སློབ་མ་ཞིག་གི་རྩོམ་འབྲིའི་དགའ་ཞེན་ལེགས་པར་གསོ་དགོས་ཚེ། ཐོག་མར་སློབ་མ་དེས་རྩོམ་འབྲིའི་དམིགས་ཡུལ་གསལ་པོ་ཞིག་ཤེས་དགོས་པ་ནི་རྨང་གཞི་ཡིན་ཞིང་། རྩོམ་འབྲི་བའི་དམིགས་ཡུལ་གསལ་པོ་ཞིག་ཤེས་ཚེ་ད་གཟོད་སློབ་མ་དེའི་རྩོམ་འབྲིའི་དྭངས་བ་འདྲེན་ཐུབ་པ་མ་ཟད།  རིམ་གྱིས་རྩོམ་འབྲི་བ་དང་ལྟ་ཀློག་བྱེད་པའི་གོམས་གཤིས་བཟང་པོ་ཞིག་འཇགས་ཐུབ་ངེས་ཡིན། འོན་ཏེ་ང་ཚོའི་སློབ་མ་མང་པོ་ཞིག་གིས་རྩོམ་ཡིག་འབྲི་བའི་དམིགས་ཡུལ་གསལ་པོ་ཞིག་ཤེས་ཀྱི་མེད་པ་སྟེ། སློབ་མ་ཕལ་ཆེར་གྱི་སེམས་ངོགས་སུ་རྩོམ་ཡིག་འབྲི་བ་ནི་ཡིག་ཚད་སྐབས་རྩོམ་ཡིག་གི་སྐར་མ་མཐོན་པོ་རག་པ་ཁོ་ནའི་ཆེད་དུ་ཡིན་པར་སྙམ་གྱི་ཡོད། འོན་ཏེ་རྩོམ་འབྲི་བ་ནི་ཡིག་ཚད་ལ་ཁ་གཏད་གཅོག་པ་ཁོ་ནའི་ཆེད་དུ་ཡིན་པར་དགོངས་ན་དོན་དངོས་ཐོག་ཁྱོད་ཀྱི་རྩོམ་རིག་གི་དགའ་ཞེན་དང་དེར་སྦྱོང་འདོད་ཀྱི་བློ་སྐྱེ་སྲིང་བྱེད་མི་ཐུབ་པ་མ་ཟད། ཐ་ན་རྩོམ་ཡིག་འབྲི་བར་རིམ་གྱིས་སུན་སྣང་དང་སྒྱིད་ལུག་སྐྱེ་ངེས་ཡིན། དེང་རབས་ཀྱི་རྒྱའི་རྩོམ་པ་པོ་ཝུའུ་ཞའོ་པོའོ་ཡིས“རྩོམ་ཡིག་འབྲི་བ་ནི་རང་གི་མ་རྩ་ཆེ་ཤོས་དེ་གསོག་ པ་ཡིན”ཞེས་དང་ཡང“རྩོམ་ཡིག་བྲིས་ན་ད་གཟོད་ཁྱོད་ཀྱི་སྙིང་པོ་མེད་པའི་འཚོ་བ་ལས་ཐར་ཐུབ”ཅེས་གསུངས་ཡོད།  ཡང་ལོ་ཀྲན་ཡུའུ་ཡིས“མ་འོངས་པའི་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཆེ་ཤོས་དང་མ་རྩ་ཆེ་ཤོས་གཉིས་རང་སྟེ།  དེ་ནི་ཁྱོད་ཀྱིས་གཏམ་བཤད་བྱེད་ཤེས་པ་དང་རྩོམ་ཡིག་འབྲི་ཤེས་པ་གཉིས་རེད”ཅེས་གསུངས་ཡོད་པ་དང་། ཡང་སུང་ཐའོ་ཡི《རྩོམ་འབྲིའི་ཕྱོགས་སྟོན》ཞེས་པའི་དེབ་ཀྱི་ནང་དུ“བསམ་བློ་གཏོང་བ་ནི་ཤེས་རབ་ཀྱི་ཉིང་བཅུད་ཡིན་པ་དང་། དེ་དག་སྒྲིག་བཀོད་དང་ལྟ་བཤེར་སོགས་ལ་སྦྱོང་བརྡར་བྱེད་པ་ནི་བསམ་བློར་སྦྱོང་བརྡར་སྤྲོད་པ་ཡིན་པས།དེས་ན་རྩོམ་འབྲིར་དོ་སྣང་བྱེད་པ་ནི་བསམ་བློའི་ནུས་པ་ཡོད་ཚད་གཏིང་ཟབ་ངང་སྔོག་པ་དང་མཚུངས”ཞེས་གསུངས་ཡོད། དེས་ན་རྩོམ་ཡིག་འབྲི་བ་ནི་རྩོམ་ཡིག་གི་སྐར་གྲངས་ཁོ་ནས་ཡིག་རྒྱུགས་ལ་ཁ་གཏད་བཅོག་ཐུབ་པའི་ཆེད་དུ་མ་ཡིན་པར།

    རྩོམ་འབྲིའི་རྒྱུད་རིམ་ཁྱོད་ཀྱི་བརྡ་སྤྲོད་དང་། ཡིག་གཟུགས།དག་ཆ། མངོན་བརྗོད། ཐ་སྙད་ཀྱི་བཀོལ་སྤྱོད། རྒྱན་གྱི་སྦྱོར་སྟངས། གཏམ་དཔེ་དང་དཔེ་ཆོས་སོགས་བོད་ཡིག་གི་རིག་ཚན་ཁོངས་ན་གཏོགས་པའི་ཆ་ཤས་ཐ་དག་ཕྱོགས་བསྡུས་ཀྱིས་ཐོན་འོངས་བས། དེ་ནི་ཁྱེད་ཀྱིས་ཉིན་ལྟར་དག་ཆ་ཁོ་ན་སྦྱོང་བའམ། ཡང་ན་ཡིག་གཟུགས་དང་མངོན་བརྗོད་སོགས་རྐྱང་པ་རེ་གཉིས་སྦྱོང་བ་ལས་ལྡབ་གྱུར་གྱིས་ཕན་པ་ཆེ་ལ། གལ་སྲིད་ཁྱེད་རང་རྩོམ་ཡིག་འབྲི་རྒྱུར་དགའ་བའི་སློབ་མ་ཞིག་ཏུ་གྱུར་ཚེ། ཁྱེད་ཀྱི་བོད་ཡིག་གི་སྦྱངས་འབྲས་ཕྱོགས་ཡོང་ནས་ཡར་རྒྱས་འགྲོ་རྒྱུ་ནི་སྨོས་མི་དགོས་པ་ཤིག་ཡིན། གཞན་ད་དུང་རྩོམ་ཡིག་འབྲི་སྐབས། སྐབས་རེ་ཁྱེད་ཀྱིས་དང་འདོད་ཀྱིས་སྙན་ངག་ཤིག་གམ་ཡང་ན་གཏམ་དཔེ་མཚར་པོ་རེ་འགའ་སྦྱོར་འདོད་ཀྱིས་ཚིག་མཛོད་དང་གཏམ་དཔེའི་དེབ་སོགས་ལ་མ་སྐུལ་དང་བླངས་ཀྱིས་ལྟ་བར་ངེས་ལ། ཡང་རྒྱན་མཆོར་པོ་རེ་དང་སྐད་ཆ་སྙན་པོ་རེ་འབྲི་འདོད་པས་ཁྱོད་ཀྱིས་གཞན་གྱི་རྩོམ་ཡིག་དང་དཔེ་དེབ་རེ་འགར་མ་སྐུལ་དང་བླངས་ཀྱིས་ལྟ་ངེས་རེད། དེ་ལྟར་རྩོམ་ཡིག་འབྲི་བའི་རྒྱུད་རིམ་ཁྲོད་ཁྱོད་ལ་དཔེ་ཀློག་གི་གོམས་གཤིས་ལེགས་པོ་ཞིག་ཆགས་ངེས་ཤིང་། ཐོག་མར་ཁྱོད་ལ་གཞན་གྱིས་རྩོམ་ཡིག་བྲིས་ཞེས་སྐུལ་ས་ཞིག་ནས་ད་གཟོད་དུས་ཁོམ་རེ་བྱུང་ཚེ་སྙན་ངག་ཐུང་ཐུང་འགའ་ཨེ་འཁྱོངས་ལྟ་བའམ་ལྷུག་རྩོམ་དང་སྒྲུང་གཏམ་མཚར་པོ་རེ་འབྲི་ཨེ་ཤེས་ལྟ་མཁན་ཞིག་ཏུ་འགྱུར་ཐུབ་ལ། དུས་སྐབས་དེར་ཁྱེད་རང་གི་བོད་ཡིག་སྦྱངས་འབྲས་དེ་ལེགས་གྲས་སུ་སླེབས་ཐུབ་པ་ནི་སྨོས་མེད་རེད། ཕྱོགས་གཞན་ཞིག་ནས་བཤད་ན་རྩོམ་ཡིག་འབྲི་བ་ནི་ཐ་སྙད་སྐམ་པོ་དང་ཚིག་གི་སྟར་པ་ཞིག་བསྒྲིག་རྒྱུ་ཙམ་མ་ཡིན་པར་དེར་སྔ་ཕྱིའི་གོ་རིམ་དང་ཡང་ན་བསམ་བློའི་མངོན་སྟངས།མཛེས་དཔྱོད་ཀྱི་ལྟ་བ།  བརྩེ་དུང་དང་དངོས་པོའི་ཆོས་ཉིད་སོགས་གང་མང་ཞིག་དང་ཡང་བསྟུན་དགོས་པས།   རྩོམ་ཡིག་འབྲི་རྒྱུར་དགའ་ཞེན་ཆེ་བ་དག་གིས་རྒྱུན་པར་ཕྱི་ཡུལ་འཇིག་རྟེན་དང་ནང་བསམ་བློ་དང་ཀུན་སྤྱོད་སོགས་ལ་གཞན་ལས་ལྷག་པའི་སྣང་འཇོག་བྱེད་ཅིང་། དེས་ཁྱེད་ཀྱི་ཕྱོགས་བསྡུས་ཀྱི་བྱང་ཚད་མང་པོ་མཐོར་འདེགས་དང་གོང་འཕེལ་ཡོང་རྒྱུར་ཡང་ཕན་པ་ངེས་ཅན་ཞིག་ཐོབ་སྲིད་པ་ཡིན།

    (གཉིས) རྩོམ་འབྲིའི་བརྒྱུད་རིམ་ཁྲོད་གཞན་གྱི་དགེ་མཚན་མང་པོར་སློབ་སྦྱོང་བྱེད་ཐུབ།  

    དེ་ལྟར་རྩོམ་ཡིག་བྲིས་ན་རང་ངོས་ཀྱི་བརྡ་དང་ཐ་སྙད་དང་ཡང་ན་མངོན་བརྗོད་སོགས་ཀྱི་ནང་དོན་བཀོལ་སྤྱོད་ལེགས་པར་ཐུབ་པ་མ་ཟད། རྒྱན་དང་གཏམ་དཔེའི་སྦྱོར་ལུགས། སྐད་ཆའི་ཉམས་འགྱུར་འདོན་སྟངས་སོགས་བོད་ཡིག་རིག་ཚན་གྱི་ཕྱོགས་བསྡུས་བྱང་ཚད་གོང་འཕེལ་འགྲོ་ཐུབ་ཅིང་། རང་གི་བསམ་བློའི་བྱང་ཚད་དང་ཕྱི་ཡུལ་གྱི་དངོས་པོའི་ཆོས་ཉིད་ལ་རྒྱུས་ལོན་བྱེད་ཤུགས་ཆེ་རུ་འགྲོ་བ་སོགས་སྒོ་མང་པོར་ཕན་པ་ཡོད་པ་ཞིག་ཡིན། རྩོམ་ཡིག་བྲིས་ན་གཞན་གྱི་རྩོམ་ཡིག་མང་པོ་ཞིག་ལྟ་ཀློག་བྱེད་དགོས་ཤིང་།  གཞན་གྱི་རྩོམ་ཡིག་ཁྲོད་ནས་ཚིག་སྦྱོར་དང་བསམ་བློ་གཏོང་སྟངས།  དཔེ་དོན་སྦྱོར་ལུགས།  སྒྲིག་གཞི་བཀོད་སྟངས་སོགས་ལ་སློབ་སྦྱོང་འཛད་མེད་དུ་ཞུ་ཆོག     འཇར་པན་གྱི་གྲགས་ཅན་རྩོམ་པ་པོ་ཀྲི་པན་ཤིའུ་རྡ་ཡིས“ངའི་རྩོམ་ཡིག་ཡར་རྒྱས་འགྲོ་བའི་ཐབས་དམ་པ་ནི་གཞན་གྱི་རྩོམ་ཡིག་མང་པོ་བཀླག་རྒྱུ་དང་། གཞན་རྩོམ་ཀློག་པའི་གོ་རིམ་ཁྲོད་ཟིན་བྲིས་ཆུང་ཆུང་ཞིག་འཁྱེར་ནས་ཚིག་སྦྱོར་སྙན་པོ་དང་ལེགས་པར་བྲིས་པ་ཀུན་ཟིན་ཐོར་བཀོད་དེ། དེ་དག་རྒྱུན་པར་ཡང་ཡང་ལྟ་བཞིན་བློ་ལ་ངེས་རྗེས་རང་གི་རིག་གནས་ལ་བསྒྱུར་ཐུབ་པ་བྱེད་ཀྱི་ཡོད”ཅེས་གསུངས།དེས་ཀྱང་མི་ཚད་པར་མི་གཞན་གྱི་ལེགས་ཆ་བསྡུ་ལེན་དང་རང་གི་སྐྱོན་ཆ་བསལ་བ་ལའང་ནུས་པ་དམིགས་བསལ་ཐོན་པ་ཡིན་ཏེ། དཔེར་ན། དང་ཐོག་ཁྱེད་ཀྱིས་རྩོམ་ཡིག་སྣ་གཅིག་ཀྱང་མ་བྲིས་ཚེ་ཁྱེད་རང་གི་སྐད་ཆ་ཤོད་སྟངས་དང་ཐ་སྙད་ཀྱི་བཀོལ་སྤྱོད། བསམ་བློ་གཏོང་སྟངས། མཛེས་དཔྱོད་ཀྱི་ལྟ་བ་སོགས་ཇི་བཞིན་དུ་མི་གཞན་གྱིས་རྟོགས་པར་དཀའ་བས། མི་གཞན་གྱིས་དེའི་ཐད་དུ་གདེང་འཇོག་བྱེད་མཁན་མེད་ལ། རང་ཉིད་ཀྱིས་ཀྱང་དེའི་ཐད་ཀྱི་ལེགས་ཉེས་ལ་སྣང་འཇོག་ཡོང་མི་སྲིད་ཅིང་། གལ་སྲིད་རང་ཉིད་ཀྱིས་སྙན་ངག་ཐུང་ཐུང་རེའམ་ཡང་ན་ལྷུག་རྩོམ་དང་བརྩམས་སྒྲུང་ཐུང་གྲས་རེ་བྲིས་ན།  ཀློག་པ་པོ་ལ་ལས་ཁྱེད་ཀྱི་ཡིག་གཟུགས་དང་དག་ནོར་སོགས་ནས་འགོ་བཙུགས་ཏེ། རྒྱན་གྱི་སྦྱོར་ལུགས་དང་ནང་དོན། སྒྲིག་གཞི། མཛེས་དཔྱོད་སོགས་སྒོ་མང་པོར་བསམ་འཆར་དང་དོགས་གནད་གླེང་སྲིད་པས།  ད་གཟོད་ཁྱོད་ཀྱིས་རང་གི་ཆུ་ཚད་ཇི་ལྟར་ཡིན་མིན་རྟོགས་སྲིད་ལ། རང་གི་མ་འདང་བའི་ཆ་རྣམས་ལ་བསམ་བློ་འཁོར་ཐུབ་པ་མ་ཟད།རང་རྩོམ་གྱི་ནང་དོན་དང་འདྲ་བའི་གཞན་གྱི་རྩོམ་ཡིག་ཀློག་སྐབས་དེ་བས་ཀྱང་རང་གི་ཕྱོགས་གང་ཐད་དུ་རང་ཉིད་ལ་ཞན་ཆ་མཆིས་པ་དང་། ཕྱོགས་གང་ཐད་དུ་ཤུགས་རྒྱག་དགོས་པ་སོགས་གསལ་ཐིང་ཐིང་དུ་རྟོགས་ཐུབ་པས། ཁྱོད་ཀྱིས་ད་གཟོད་གཞན་ལ་སློབ་སྦྱོང་དང་གཞན་གྱི་ལེགས་ཆ་དང་ལེན་བྱེད་འདོད་ཀྱི་བློ་ཁོག་འཕེལ་སྲིད་པ་ཡིན། དེའི་དབང་གིས་ཁྱེད་ཀྱིས་རྒྱུན་པར་གཞན་གྱི་རྩོམ་ཡིག་ཀློག་རྒྱུར་དོ་སྣང་བྱེད་སྲིད་ཅིང་།དཔེ་དེབ་ཉོ་བ་དང་ཀློག་པ། བསམ་གཞིགས་བྱེད་པ་སོགས་ཀྱི་གོམས་སྲོལ་བཟང་པོ་འཇགས་ཏེ། སློབ་ཁང་སློབ་ཁྲིད་ཀྱི་ཤེས་བྱ་ཕུད་སློབ་ཕྱིའི་དཔེ་དེབ་མང་དག་ལྟ་ཐུབ་པ་མ་ཟད།དེའི་ནང་ནས་ཁྱེད་ལ་མཁོ་བའི་ཤེས་བྱ་མང་དག་གསོག་འཇོག་བྱེད་ཐུབ་པ་ཡིན།

    (གསུམ)རྩོམ་ཡིག་བྲིས་ན་མི་རིགས་དང་། རྒྱལ་ཁབ།  ཐ་ན་མིའི་རིགས་ཀྱི་མ་འོངས་པར་འོད་སྣང་སྦྱིན་ཐུབ།

    དེ་ལྟར་རྩོམ་ཡིག་བྲིས་ན་རང་ངོས་ཀྱི་མི་ཤེས་པ་རྣམས་གསབ་ཅིང་། གཞན་གྱི་ལེགས་ཆ་བསྡུ་བ་ཁོ་ན་མ་ཡིན་པར་རྩོམ་ཡིག་ལེགས་གྲས་དག་གིས་མི་རིགས་དང་རྒྱལ་ཁབ་དང་།ཐ་ན་མིའི་རིགས་ཀྱང་སྐྱོབ་ཐུབ་པ་ཡིན། མིའི་རིགས་ཀྱི་ལོ་རྒྱུས་ཧྲིལ་པོའི་ཐོག་རྩོམ་རིག་གྲགས་ཅན་གྱིས་མིའི་རིགས་ཀྱི་མུན་པ་བསལ་བ་དང་ལམ་སྟོན་བྱས་པ་གྲངས་ལས་འདས་ལ། དེ་ལྟ་བུའི་རླབས་ཆེན་གྱི་བྱ་བ་གཉེར་མ་ཐུབ་ཀྱང་རང་མི་རིགས་ཀྱི་ཤེས་རིག་གི་རྒྱ་མཚོ་ཆེན་པོ་ལས་ཆུ་ཐིགས་ཙམ་ཞིག་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་དགོས་ན་ཁྱོད་ལ་རྩོམ་འབྲིའི་ཚད་ངེས་ཅན་ཞིག་མེད་ཚེ། རང་གིས་ཤོད་འདོད་པའི་གཞུང་ལུགས་དང་བསླབ་བྱ་སོགས་ཅི་ཞིག་ཡིན་རུང་ཡིག་ཐོག་ལ་འགོད་མི་ཐུབ་ཅིང་། བཀོད་ཀྱང་གཞན་གྱི་ཡིད་དབང་འཕྲོག་པའི་ཚིག་སྦྱོར་དང་རྒྱན་གྱིས་དབུལ་ན་ད་གཟོད་གཞན་གྱི་བློ་ཡིད་འཕྲོག་མི་ཐུབ་ལ། དེའི་དབང་གིས་རྩོམ་ཡིག་ཧྲིལ་པོ་ལྟ་ཀློག་བྱེད་རྒྱུར་འགོག་རྐྱེན་ངན་པ་བཟོ་བ་ཡིན།  དེས་ན་ཤེས་བྱ་ཕལ་ཆེར་ཡིག་ཐོག་ནས་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་བ་ཡིན་ན་ཁྱོད་ཀྱིས་མ་འོངས་པར་ལག་རྗེས་ཏིལ་འབྲུ་ཙམ་ཞིག་འཇོག་པར་འདོད་ནའང་རྩོམ་འབྲིའི་ནུས་པ་ནི་མེད་དུ་མི་རུང་བ་ཞིག་ཡིན་ལ། གལ་སྲིད་ཁྱེད་ལ་རྩོམ་འབྲིའི་ནུས་པ་ལེགས་པོ་ཞིག་ལྡན་ཚེ། ཁྱེད་ཀྱིས་རྟོགས་པའི་བསམ་བློ་དང་ཤེས་རིག་ཅི་ཞིག་ཡིན་རུང་མི་རབས་ནས་མི་རབས་བར་གནས་ངེས་ཡིན།   མདོར་ན་རྩོམ་ཡིག་བྲིས་ཚེ་ཆུང་ས་ནས་ཁྱོད་ཀྱི་ཡི་གེའི་དག་ཆ་དང་། ཕྲད་ཀྱི་སྦྱོར་ཚུལ། ཐ་སྙད་ཀྱི་བེད་སྤྱོད། དཔེ་དོན་གྱི་སྦྱོར་ལུགས་སོགས་བོད་ཡིག་རིག་ཚན་གྱི་སྒོ་ཀུན་འཕེལ་རྒྱས་ཡོང་བར་སྨན་པ་དང་། དེ་བཞིན་དཔེ་དེབ་གྲགས་ཅན་དང་གཞན་གྱི་རྩོམ་ཡིག་ལྟ་ཀློག་གི་སྒོ་འཕར་ཡངས་པོར་ཕྱེ་ནས་རང་ཉིད་ཀྱི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་ལ། གཉིས་ནས་རྩོམ་ཡིག་ནི་རིག་ཚན་སྣ་འཛོམས་ཤིག་གི་འདུས་གཟུགས་ཡིན་པས་དེས་ཁྱེད་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་བྱེད་ཐུབ་པ་དང་།  རང་གིས་ཤེས་པའི་ཤེས་ཡོན་གཞན་ལ་བསྒྲགས་ཐུབ་པ་མ་ཟད།   མི་རིགས་དང་མིའི་རིགས་ལ་ཕན་ཐོགས་རླབས་པོ་ཆེ་བསྐྲུན་ཐུབ་པ་ཡིན།

    གཉིས་པ།   སློབ་མའི་རྩོམ་འབྲིའི་དྭངས་ཞེན་གསོ་སྐྱོང་།

    སློབ་འབྲིང་སློབ་མ་ཞིག་གི་ངོས་ནས་བརྗོད་ན་ལུས་སེམས་ད་དུང་ཡང་ཡོངས་སུ་འཚར་བསྐྱེད་ཐུབ་མེད་པས། ཁོ་ཚོར་ཡང་དག་པའི་རང་གི་བསམ་བློ་དང་རིན་ཐང་གི་ལྟ་བ་ཞིག་ཆགས་ཐུབ་མེད།  འོན་ཏེ་གོང་སྨོས་ཀྱི་རྩོམ་འབྲིའི་དམིགས་ཡུལ་དག་གསལ་བར་རྟོགས་ཚེ་སློབ་མའི་རྩོམ་འབྲིའི་མོས་པ་ཅུང་ཟད་འཕེལ་ངེས་ཡིན་ལ། དེའི་སྟེང་དུ་རྒྱུན་པར་དགེ་རྒན་གྱིས་མིག་དཔེ་སྟོན་ནས་རྩོམ་ཡིག་སྤུས་ལེགས་དང་རྩོམ་པ་པོ་གྲགས་ཅན་སོགས་ལ་རིས་མེད་ཀྱིས་དད་གུས་བྱེད་པ་དང་། རང་ཉིད་ཀྱིས་རྩོམ་ཡིག་ལེགས་པོ་རེ་གཉིས་འབྲི་བའམ་ཡང་ན་གྲགས་ཅན་གྱི་རྩོམ་དེབ་རེ་གཉིས་ངོ་སྤྲོད་བྱེད་པ། དེ་བཞིན་དུས་དེབ་དང་ཚགས་ཤོག་སོགས་སུ་འཁོད་པའི་རྩོམ་ཡིག་ལེགས་པོ་རེ་ཟུང་གྱེར་དུ་འཇུག་པ་དང་། འཛིན་གྲྭ་དེ་གའི་སློབ་མའི་རྩོམ་ཡིག་གི་སྦྱོང་ཚན་ཁྲོད་ནས་རྩོམ་ཡིག་ལེགས་པོ་རེ་གཉིས་བདམས་ཏེ་འཛིན་གྲྭའི་ནང་གྱེར་བ་སོགས་ཀྱི་ཐབས་ལམ་སྤྱད་ན་ད་གཟོད་སློབ་མས་རྩོམ་ཡིག་ལ་འཛིན་པའི་ལྟ་བར་འགྱུར་བ་བྱུང་ནས་རྩོམ་འབྲི་བ་ནི་གཟི་བརྗིད་ཅན་གྱི་བྱ་བ་ཞིག་ཏུ་ངོས་འཛིན་ཡོང་བ་དང་། དེ་ལྟར་བྱུང་ན་གཞི་ནས་སློབ་མའི་རྩོམ་འབྲིའི་དྭངས་ཞེན་འཕེལ་ཐུབ།  དེ་ལྟར་སློབ་མའི་རྩོམ་འབྲིའི་སྐུལ་སློང་ཐོག་མར་སྐྱེ་བའི་གནས་སྐབས་སུ“སློབ་མར་ཅི་ཞིག་བཤད་འདོད་ཡོད་ཀྱང་འཆད་དུ་འཇུག་པ་དང་།ཅི་ཞིག་འབྲི་འདོད་ཡོད་ཀྱང་འབྲི་རུ་བཅུག་ཏེ”ཁོ་ཚོའི་ཐ་སྙད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཐ་སྙད་ཀྱི་བཀོལ་སྤྱོད་དང་ཚིག་སྦྱོར། དེ་བཞིན་བརྡ་སྤྲོད་སོགས་ཀྱི་བཀོལ་སྤྱོད་ལ་ཡང་དག་པའི་སློབ་སྟོན་བྱ་བ་ལས།  རྩོམ་གྱི་སྒྲིག་གཞི་དང་ནང་དོན་གྱི་རེ་བ།  རྒྱན་དང་མཛེས་དཔྱོད་སོགས་ལ་རེ་བ་ནན་པོ་བཏོན་ན་ཁོ་ཚོའི་རེ་ལྟོས་ཀྱི་མྱུ་གུའི་འགོ་འབུས་མ་ཐག་དེ་མུར་འཇོམས་སྲིད་པས་རྒྱུན་པར་དགེ་རྒན་གྱིས་རྩོམ་ཡིག་བྲིས་པ་ཙམ་ལ་བསྟོད་པས་བསྐུལ་ཏེ་ཁོ་ཚོའི་དྭངས་ཞེན་གསོ་སྐྱོང་དང་། དེ་རྒྱུན་མཐུད་ངང་འཕེལ་རྒྱས་དང་གོམས་གཤིས་སུ་འཇགས་ཐབས་བྱེད་དགོས།

    (གཅིག) རྩོམ་ལ་ཐོག་མར་འཇུག་མཁན་ལ་འཚམས་པའི་རྩོམ་ལུས།

    སློབ་འབྲིང་སློབ་མ་ནི་བསམ་བློ་དང་ཤེས་རིག་སོགས་གང་གི་ཐད་ནས་ཀྱང་ཡོངས་སུ་ནར་མ་སོན་པ་ཞིག་ཡིན་པས། ཐོག་མ་ནས་དགག་སྒྲུབ་རྩོམ་ཡིག་དང་སྒྲུང་གཏམ་སོགས་ལ་ལག་པ་འཆང་དུ་བཅུག་ན་ཁོ་ཚོའི་ངོ་མཚར་བའི་སེམས་ཁམས་དང་རྩོམ་འབྲིའི་དྭངས་ཞེན་འཇོམས་སྲིད་ཅིང་། ཁོ་ཚོའི་སྣང་ངོར་རྩོམ་ཡིག་འབྲི་བ་ནི་བཀག་རྒྱ་ངེས་ཅན་ཞིག་ཏུ་ཚུད་པའི་ཡིད་སྐྱོ་བའི་བྱ་བ་ཞིག་ཏུ་སེམས་ངེས་ཡིན་ལ། གལ་སྲིད་དེ་ལྟར་བསམ་ན་ཁོ་ཚོས་རྒྱུན་པར་རྩོམ་ཡིག་འབྲི་བར་སྡུག་བསྔལ་གྱིས་རྩོམ་འབྲི་རྒྱུར་གཡོལ་གང་ཐུབ་བྱེད་པ་མ་ཟད།  ཡིག་རྒྱུགས་ཐོག་གི་རྩོམ་ཡིག་དག་ཀྱང་ཁྲལ་སེལ་སླ་བཅོས་དང་ཡང་ན་ངག་སྐྱོར་གཏོང་བ་སོགས་ཀྱི་ཐབས་ཀྱིས་བསྐང་ངེས་ཡིན། སྤྱིར་གྲོང་གསེབ་ཀྱི་ཕྲུ་གུ་དག་ལ་དེ་འདྲའི་སྣང་ཚུལ་མཐོང་དཀོན་ཙམ་ཡིན་ནའང་གྲོང་ཁྱེར་གྱི་སློབ་ཆུང་སློབ་མ་དག་གིས། བརྗེད་པར་དཀའ་བའི་བྱ་བ་ཞིག་ཅེས་པ་དང་། ང་ཡི་ཕུགས་བསམ་ཞེས་པ་སོགས་རྒྱུན་པར་ཡིག་རྒྱུགས་སུ་ཐོན་མང་བའི་རྩོམ་གྱི་ཁ་བྱང་འགའ་རེ་བཙལ་ནས་ངག་སྐྱོར་གཏོང་བ་ནི་མངོན་སུམ་ཡིན་ལ། དགེ་རྒན་དང་ཁྱིམ་བདག་གིས་ཀྱང་མ་བརྟག་མ་དཔྱད་པར་དེའི་ཐད་ལ་སྐུལ་མ་བྱས་ནས་དེ་ནི་ཐབས་ཤེས་ལེགས་པོ་ཞིག་ཡིན་ཚུལ་གྱི་སློབ་གསོ་བྱས་པ་དེས། བྱིས་པ་དེ་སློབ་འབྲིང་དུ་སླེབས་ཀྱང་ད་དུང་ལེགས་བཤད་སྣ་ཁ་རེ་གཉིས་ཀྱི་སྙིང་དོན་བྱས་པའི་ཁ་བྱང་སྔོན་ཚུད་ནས་གྲ་སྒྲིག་བྱེད་པ་དང་། ཐ་ན་དེ་དང་རིགས་འདྲ་བའི་རྩོམ་ཡིག་ངག་སྐྱོར་གཏོང་བ་སོགས་ཀྱི་གོམས་སྲོལ་ངན་པ་ཆགས་ཀྱིན་ཡོད་ལ། སྐབས་ལན་རེར་ཁོས་ངག་སྐྱོར་བཏང་བའི་རྩོམ་ཡིག་དེ་ཏག་ཏག་ཡིག་རྒྱུགས་སུ་ཐོན་ན་རྒྱུན་པར་བོད་ཡིག་གི་སྦྱངས་འབྲས་ལེགས་པའི་སློབ་མ་དག་ལས་སྐར་གྲངས་མཐོ་བར་གཏོང་བས། དེའི་ཤུགས་རྐྱེན་ངན་པས་འཛིན་གྲྭའི་སློབ་མ་ཕལ་ཆེར་གྱིས་རྩོམ་ཡིག་ངག་ཏུ་སྐྱོར་བ་ནི་སྐར་མ་མཐོན་པོ་རག་པའི་ཐབས་ཤེས་ཡག་པོ་ཞིག་ཡིན་པར་སེམས་ཏེ་ངག་ཏུ་སྐྱོར་བ་ལས་རང་གིས་བསམ་བློ་བཏང་ནས་འབྲི་ཡི་མེད་པ་རེད།《སློབ་འབྲིང་སློབ་མས་ཇི་ལྟར་བྱས་ནས་ལྟ་ཀློག་དང་རྩོམ་འབྲི་བྱེད་དགོས》ཞེས་པའི་ནང“རྩོམ་པ་པོ་ཞིག་ལ་མཚོན་ན།  རྩོམ་ཡིག་ལེགས་པོ་འབྲི་ཐུབ་པའི་རྒྱབ་ལྗོངས་ནི་གཉིས་རང་ཡིན་ཏེ། གཅིག་ནི་ཁོའི་འཚོ་བ་དང་། གཅིག་ཤོས་ནི་ལྟ་ཀློག་གི་གོམས་གཤིས་ཡོད་པ་དེའོ”ཞེས་གསུངས་ཡོད།འོ་ན་ཇི་ལྟར་བྱ་ཞེ་ན། ཁྱིམ་བདག་གིས་བྱིས་པ་ཆུང་ངུའི་དུས་ནས་དམངས་ཁྲོད་ཀྱི་སྒྲུང་སོགས་བཤད་དེ་ཁོ་ཚོ་སྒྲུང་དང་གཏམ་རྒྱུད་ཉན་རྒྱུར་དགའ་སྣང་ཡོད་པ་བྱེད་དགོས་པ་དང་། དགེ་རྒན་གྱིས་ཀྱང་སློབ་ཁྲིད་ཀྱི་བར་མཚམས་སོགས་སུ་སྒྲུང་ཐུང་དང་གཏམ་རྒྱུད་ཐུང་ངུ་། ཡང་ན་འཛིན་གྲྭ་དེ་རང་གི་སློབ་མས་བྲིས་པའམ་ཚགས་དེབ་སོགས་སུ་འཁོད་པའི་སློབ་མའི་རྩོམ་ཡིག་ལེགས་གྲས་བཀླགས་པའམ་ངོ་སྤྲོད་བྱེད་པ་སོགས་ཀྱིས་ཁོ་ཚོའི་ཐོག་མའི་རྩོམ་ཡིག་འབྲི་འདོད་ཀྱི་བློ་འགུག་དགོས་པ་ཡིན། དེ་བཞིན་དུ་སློབ་མའི་ལོ་ན་དང་སེམས་ཁམས་ལ་བལྟོས་ཏེ་ཐོག་མར་ཉིན་ཐོའམ་སྙན་ངག གཏམ་རྒྱུད་ཐུང་ཐུང་སོགས་རང་མོས་ལྟར་འབྲི་རུ་བཅུག་ན་རྩོམ་དེ་རིགས་ལ་རང་མོས་ཆེ་ཞིང་བཀག་རྒྱ་ཆུང་བས་བྱིས་པའི་རྩོམ་འབྲིའི་དྭངས་ཞེན་སྐྱེ་སྲིང་བྱེད་རྒྱུར་ཕན་ལ། རིམ་གྱིས་ཁོ་ཚོས་རང་གི་རྩོམ་ཡིག་གི་ཚིག་སྦྱོར་དང་ནང་དོན། ཡང་ན་སྒྲིག་གཞི་དང་བསམ་བློ་སོགས་ཅི་རིགས་ལ་བསམ་གཞིགས་བྱེད་སྲིད་ཅིང་། ཐ་ན་དེའི་དབང་གིས་རིག་ཚན་ལ་དགའ་ཞེན་དང་དཔེ་དེབ་བལྟ་རྒྱུར་ཡང་དོ་སྣང་བྱེད་སྲིད་པས།ང་ཚོས་རྒྱུན་པར་སློབ་མར་སྙན་ངག་གམ་གཏམ་རྒྱུད་ཐུང་ཐུང་འབྲི་རུ་འཇུག་རྒྱུ་ནས་འགོ་འཛུགས་དགོས་པ་ལས། ཐོག་མ་ནས་དགག་སྒྲུབ་རྩོམ་ཡིག་བཙན་ཚུགས་ཀྱིས་སྦྱང་དུ་བཅུག་པ་ནི་བྱིས་པའི་དྭངས་ཞེན་གསོད་ཅིང་རང་ཉིད་ངལ་བའི་རྒྱུ་ཙམ་ཞིག་ལས་མ་འདས་སོ།།

    དེའི་དབང་གིས་སློབ་འབྲིང་སློབ་མའི་ཡིག་རྒྱུགས་སྐབས་དགག་སྒྲུབ་རྩོམ་ཡིག་འབྲི་རུ་བཅུག་པ་དེའང་ཁོང་ཚོའི་ལོ་ཚོད་དང་ཤེས་ཡོན་གྱི་ཆུ་ཚད།  བསམ་བློ་དང་ལྟ་བའི་རང་ཚུགས་སོགས་དང་བསྡུར་ན་ཅུང་མི་འཚམས་པ་ལྟར་དུ་མཐོང་ལ། སྤྱིར་དགག་རྩོམ་ལ་བསྒྲུབ་བྱ་དང་སྒྲུབ་བྱེད་གནད་དུ་བཟུང་ནས་འབྲི་དགོས་པས་བཀག་རྒྱ་ཆེ་ཞིང་།   ཚིག་སྦྱོར་དང་གཏམ་དཔེ། རྒྱན་སོགས་ཡངས་པོར་འཇུག་པར་དཀའ་བས་རྒྱུན་པར་རྩོམ་ཡིག་ལེགས་པོ་འབྲི་བའི་སློབ་མ་དང་ལེགས་པོ་འབྲི་མི་ཐུབ་པའི་སློབ་མའི་དབར་གྱི་ཁྱད་པར་ཅུང་ཆོད་དཀའ་ལ།   གལ་སྲིད་ལྷུག་རྩོམ་སོགས་ཡིན་ན་དེའི་ནང་དུ་རང་གི་རྩལ་ནུས་ཡོད་ཚད་འདོན་ཆོག་པས་སློབ་མའི་སྐད་ཡིག་དང་རྩོམ་འབྲིའི་ཆུ་ཚད་བརྟག་སླ།    རྒྱུན་པར་བོད་ཡིག་ཡིག་རྒྱུགས་ཀྱི་རྩོམ་ཡིག་སྐར་གྲངས་ཅུང་མཐོ་བ་ཕལ་ཆེར་ཡང་ཁ་བྱང་མ་ནོར་བའི་རྨང་གཞིའི་ཐོག་ཡིག་གཟུགས་ལེགས་པ་དང་། ཁམས་གཙང་བ།  གྲལ་འགྲིག་པ།  ཡིག་འབྲུའི་གྲངས་མང་བ་དག་ལ་ཐོབ་པ་ལས་དོན་དངོས་ཀྱི་བརྩམ་བྱའི་ཆུ་ཚད་མཐོ་བར་སྐར་མ་མཐོ་བ་ཐོབ་པའི་ངེས་པའང་མེད་དོ།།

    (གཉིས) ཡིད་ངོགས་སུ་རྩོམ་གྱི་གཟི་བྱིན་ཇེ་ཆེར་འབར་ཐབས།

    དེའང་དེང་འདིར་ཚན་རིག་དང་དཔལ་འབྱོར་གྱི་རླབས་ཕྲེང་དགུང་དུ་འཕྱུར་བས།  ཁ་པར་དང་བརྙན་འཕྲིན་སོགས་ནས་བྱིས་པའི་ཡིད་སེམས་འགུག་པའི་རྩེད་ཆས་དང་རིམ་གྱིས་དྲྭ་ཐོག་ན་སྐད་གྲགས་ཆོད་པའི་མི་སྣ་རབ་འབྲིང་ཐ་གསུམ་དང་། དེ་བཞིན་གསར་དུ་དར་བའི་བྱ་ལུགས་སྣ་ཚོགས་ཀྱིས་བྱིས་པའི་སེམས་ཁམས་ཤིན་ཏུ་མོག་པོར་བཏང་ཡོད་པས་ན་ང་ཚོའི་བྱིས་པ་ཕལ་ཆེར་གྱིས་དྲྭ་ཐོག་གི་མི་སྣ་གང་རུང་ཞིག་ངོ་ཤེས་པ་ལས་མཁས་པ་ངོ་ཤེས་པའི་ཚད་ཆེས་ཉུང་ཉུང་ཡིན། དེས་ཙམ་མ་ཚད་དྲྭ་ཐོག་ནས་ངོ་ཤེས་ཤིང་ཁོ་ཚོས་ཡིད་སྨོན་འཆོར་ས་དག་ནི་ཕལ་ཆེར་གླུ་གཞས་གཏོང་མཁན་དང་སྐད་ཆ་འདྲ་མིན་ཤོད་མཁན། རྣམ་འགྱུར་འདྲ་མིན་སྟོན་མཁན། སྤོ་ལོ་རྒྱག་མཁན། ཡང་ན་དམིགས་བསལ་གྱི་གནས་ཚུལ་ཡོད་མཁན་བཅས་ཡིན་སྟབས་དེ་དག་ཁྲོད་ནས་ཤེས་བྱ་མང་པོ་ཞིག་བསྡུ་རྒྱུ་ཡོད་སྲིད་ནའང་།  དེས་དུས་རབས་གོང་མ་དང་བསྡུར་ན་བྱིས་པའི་སེམས་པ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་ཐོག་གནས་པར་འགོག་རྐྱེན་བཟོ་བ་མ་ཟད་ཁོ་ཚོའི་དད་སེམས་དང་དགའ་ཞེན། ལྟ་བ། འདུ་ཤེས་སོགས་ཀྱང་མཁས་པ་དང་གྲགས་ཅན་གྱི་རྩོམ་རིག་པ་སོགས་འཇིག་རྟེན་གྱི་ཡར་སྐུལ་གྱི་མི་སྣ་བཅས་ལས་གཞོལ་འགྲོ་བ་དེ་རེད། དེའི་དབང་གིས་རྒྱུན་པར་དགེ་རྒན་གྱིས་སློབ་ཚན་ཐོག་གྲགས་རྩོམ་མང་ཙམ་ངོ་སྤྲོད་བྱེད་དགོས་པ་དང་། རང་མི་རིགས་དང་རྒྱལ་ནང་། ཐ་ན་ཕྱི་རྒྱལ་གྱི་གྲགས་ཅན་རྩོམ་པ་པོ་མང་པོ་དང་མཁས་དབང་སོགས་ངོ་སྤྲོད་མང་ཙམ་གྱིས།   སློབ་མ་ཚོས་ཁོ་ཚོ་ངོ་ཤེས་པ་དང་ཐ་ན་ཁོ་ཚོར་ཡིད་སྨོན་སྐྱེ་རུ་བཅུག་ནས་དེ་དག་སློབ་མ་ཚོའི་ཁ་མིག་ཡར་ལྟ་བྱེད་སའི་མིག་དཔེ་རུ་འགྱུར་ཐུབ་པར་བྱེད་དགོས་པ་མ་ཟད། ཁོ་ཚོའི་གྲགས་རྩོམ་ཐུང་ཐུང་སྣ་ཁ་རེ་གཉིས་ངོ་སྤྲོད་བྱས་ནས་བློ་ངོས་སུ་རྩོམ་ཡིག་གང་དེར་ལྟ་འདོད་ཀྱི་བློ་སྐྱེ་རུ་འཇུག་དགོས་པ་ཡིན།  སྐད་ཡིག་གིས་གོ་བརྡ་ལེགས་པར་སྤྲོད་ཐུབ་པའི་རྨང་གཞིའི་ཐོག་རྩོམ་ཡིག་འབྲི་བའི་མ་རྩ་གཉིས་རང་ཡིན་ཏེ་གཅིག་ནི་འཚོ་བའི་ཉམས་མྱོང་དང་གཅིག་ཤོས་ནི་གཞན་གྱི་རྩོམ་ཡིག་ལ་ལྟ་ཀློག་བྱེད་རྒྱུ་དེ་རེད།  དེས་ན་གཞན་རྩོམ་ལྟ་ཀློག་བྱེད་རྒྱུ་ནི་རྩོམ་ཡིག་འབྲི་བའི་མ་རྩ་གལ་ཆེན་ཞིག་ཡིན་པས་རྒྱའི་གནའ་རབས་ཀྱི་རྩོམ་པ་པོ་ཏུའུ་ཧྥུའུ་ཡིས། དཔེ་ཆ་ཁྲི་སྟོང་མང་པོ་བལྟས་པ་ན། །སྨྱུག་རྩེ་བསྐྱོད་པ་ལྷ་ཡིས་ཁ་ལོ་བསྒྱུར། །ཞེས་སོགས་མང་དུ་གསུངས་ཡོད་པས།    རྒྱུན་པར་དཔེ་ཀློག་བྱས་ཚེ་ཁྱེད་ཀྱིས་དེའི་ནང་ནས་བརྡ་དང་ཐ་སྙད་དང་སྒྲིག་གཞི།  མཛེས་དཔྱོད་ཀྱི་ལྟ་བ།   བླང་དོར་གྱི་གནས་ལུགས་སོགས་མང་དག་ཤེས་སྲིད་པ་མ་ཟད།  ཁྱོད་ཀྱི་རྩོམ་འབྲིའི་དྭངས་ཞེན་འཕེལ་ཐུབ་ཅིང་།  རང་ཉིད་ཡར་ཐོན་ཡོང་བར་སྐུལ་སྤེལ་གང་ལེགས་ཐུབ།

    གསུམ་པ།  རྩོམ་འབྲིའི་གོམས་གཤིས་དང་སྐྱེ་སྲིང་བྱེད་ཐབས།

    《ཧྭ་ཧྥོ་དངོས་བྲིས་རྩོམ་འབྲིའི་སློབ་ཚན》ཞེས་པའི་ནང་དུ“རྩོམ་ཡིག་འབྲི་བ་ནི་ལས་སླ་པོ་ཞིག་མ་ཡིན་ཏེ། རྩོམ་ཡིག་ལེགས་པོ་ཞིག་གྲུབ་དགོས་ན་ངེས་པར་དུ་དཔའ་ངར་ལྡན་པ་དང་ངང་རྒྱུད་རིང་བ།  སེམས་ཆུང་ངང་གཞན་ལ་སློབ་སྦྱོང་བྱེད་པ། རིག་པའི་རྩལ་རྫོགས་པ་སོགས་རྒྱུ་རྐྱེན་མང་པོ་ཞིག་འཛོམས་དགོས”ཞེས་གསུངས་ཡོད། དེ་ལྟར་སློབ་མ་ཚོས་གནའ་དེང་གི་རྩོམ་རིག་པ་དང་མཁས་དབང་རེ་འགའ་རིམ་གྱིས་ངོ་ཤེས་པ་དང་དེ་དག་ལ་དད་གུས་སྐྱེས་ཚེ་ད་གཟོད་ཁོ་ཚོས་རིམ་གྱིས་དེ་དག་གི་རྩོམ་ཡིག་ལ་ལྟ་བར་བྱེད་ཅིང་། དད་གུས་ངང་ལྟ་ཀློག་བྱེད་པ་ནི་ཁྱིམ་བདག་དང་དགེ་རྒན་གྱི་དབྱུག་པའི་འོག་ལྟ་ཀློག་བྱེད་པ་ལས་ལྡབ་འགྱུར་གྱིས་ཞིབ་ཚགས་ལ་རོ་བཅུད་ལྡན་པས་ཁོ་ཚོས་དེའི་ནང་གི་ཚིག་དོན་མང་པོར་གོ་བ་རྙེད་པ་མ་ཟད། ཚིག་སྦྱོར་སྙན་པོ་དང་བརྗོད་བྱ་ལེགས་པོ་རེ་འགའ་སེམས་ལ་ངེས་པར་བྱེད་ཅིང་། ད་དུང་རང་ཉིད་ཀྱིས་དེ་དང་ཅུང་འདྲ་ཙམ་གྱི་རྩོམ་ཡིག་འབྲི་ཐུབ་མིན་ལ་ཚོད་ལྟ་བྱེད་སྲིད་པས། གལ་སྲིད་སློབ་མ་ཞིག་གིས་མ་མཐར་ཡང་རྩོམ་རིག་པ་གང་རུང་ཞིག་ལ་དད་གུས་དབང་མེད་དུ་བྱས་ཚེ། ཁོའི་རྩོམ་འབྲིའི་ཆུ་ཚད་ནི་མི་རིང་བར་རྩོམ་པ་པོ་གཅིག་ཀྱང་ངོ་མི་ཤེས་ཤིང་དེ་དག་ལ་དད་གུས་གཏན་ནས་མེད་པའི་སློབ་མ་དག་ལས་ལྡབ་འགྱུར་གྱིས་ལེགས་སུ་འགྲོ་ངེས་ཡིན་ལ།  རིམ་གྱིས་དགེ་རྒན་དང་ཁྱིམ་བདག་གི་བསྔགས་སྐུལ་སོགས་བརྒྱུད་ནས་ཁོས་དེ་ལས་མང་བའི་རྩོམ་པ་པོར་རྒྱུས་མངའ་བྱེད་པ་དང་།  དེ་ཚོའི་རྩོམ་ཡིག་ལ་ལྟ་ཀློག་བྱས་ནས་རང་གིས་མུ་མཐུད་རྩོམ་ཡིག་འབྲི་བའི་གོམས་སྲོལ་བཟང་པོ་འཇགས་ཐུབ་ངེས་ཡིན།   ལྷག་པར་དུ་དེང་འདིར་བོད་ཡིག་ཚགས་པར་དང་དུས་དེབ་འདྲ་མིན་སོགས་སྣ་ཁ་མང་བས་གལ་སྲིད་དགེ་རྒན་གྱིས་འོས་སྦྱོར་བྱས་ཏེ་སློབ་མའི་རྩོམ་ཡིག་རེ་གཉིས་ཚགས་པར་རམ་ཡང་ན་དུས་དེབ་ཐོག་འགོད་ཐུབ་ན།  དེས་སློབ་མ་གང་དེར་གཟི་བརྗིད་དང་ངོ་སོ་བླ་ན་མེད་པ་ཞིག་སྣོན་སྲིད་པས་ཁོའི་རྩོམ་ཡིག་འབྲི་ཀློག་བྱེད་པའི་ཚད་སྔར་བས་མང་དུ་འགྲོ་ངེས་ཡིན་ལ།  རྩོམ་འབྲིའི་ཆུ་ཚད་ཀྱང་དམིགས་བསལ་ངང་མཐོར་འདེགས་འགྲོ་ངེས་ཡིན།  དེ་ལྟར་གྲགས་ཅན་གྱི་རྩོམ་པ་པོ་རེ་ཟུང་ངོ་ཤེས་པ་དང་དགེ་རྒན་དང་ཁྱིམ་བདག་གི་བསྔགས་སྐུལ་ཐོབ་པ།    རང་ཉིད་ཀྱི་རྩོམ་ཡིག་ཚགས་ཤོག་སོགས་སུ་འགོད་ཐུབ་པ་སོགས་ཀྱི་རྒྱུ་རྐྱེན་འདུས་ཚེ།   སློབ་མ་གང་དེས་རིམ་གྱིས་རྩོམ་ཡིག་གི་སྤུས་ཚད་མཐོར་འདེགས་དང་མུ་མཐུད་རྩོམ་ཡིག་འབྲི་བ་དང་།   གཞན་གྱི་རྩོམ་ཡིག་ལྟ་ཀློག་བྱེད་པའི་གོམས་སྲོལ་བཟང་པོ་འཇགས་ངེས་ཡིན་ལ།   དེ་ལྟར་བྱུང་ན་གཞི་ནས་སློབ་མ་གང་དེ་རྩོམ་པ་པོ་ལེགས་པོ་ཞིག་ལ་གསོ་སྐྱོང་བྱེད་ཐུབ་པའི་རེ་བའང་ཆེའོ།།

    བཞི་པ།  རང་རྩོམ་ཞུ་དག་དང་བཟོ་བཅོས་ཀྱི་ནུས་པ་འཕེལ་ཐབས།

    དེ་ལྟར་སློབ་མ་རྣམས་རྩོམ་ཡིག་འབྲི་ཀློག་ལ་དགའ་ཞེན་དང་། ཁོང་ཚོར་གནའ་དེང་རྩོམ་པ་པོ་མང་པོར་རྒྱུས་ལོན་དང་དད་གུས་ཐོབ་ནས་རྩོམ་འབྲིའི་ཆུ་ཚད་ཅུང་ལེགས་པོར་འགྱུར་སྐབས་ད་གཟོད་སློབ་མ་སོ་སོས་རང་གི་རྩོམ་ཡིག་ལ་དག་བཅོས་དང་ཞུ་དག་བྱེད་པའི་གོམས་སྲོལ་འཇགས་ཐུབ་པ་བྱེད་དགོས།རང་རྩོམ་ལ་བཟོ་བཅོས་བྱེད་པ་ནི་རང་གི་རྩོམ་འབྲིའི་ཆུ་ཚད་གོང་མཐོར་འགྲོ་བའི་ཐབས་དམ་པ་ཞིག་ཡིན་ཞིང་།ཨ་རིའི་རྩོམ་པ་པོ་ལའོ་ལཱ་པུ་ལང་གིས་བྲིས་པའི《རྩོམ་འབྲིའི་ཕྱོགས་སྟོན》ཞེས་པའི་ནང་དུ“རང་རྩོམ་བཟོ་བཅོས་ལས་སྤྲོ་བའི་དོན་གཞན་ཞིག་མེད་དེ།དེས་རང་གི་སྐད་ཆ་ཤོད་སྟངས་དང་བསམ་བློ་གཏོང་སྟངས་ལ་བསྐྱར་ལྟ་དང་ཞུན་བརྡར་བྱེད་བཞིན་ཡོད་པས། དེ་ནི་རང་གིས་རང་ལ་ལེགས་ཉེས་དཔྱོད་པའི་ཐབས་ངོ་མཚར་ཅན་ཞིག་ཡིན”ཞེས་གསུངས་ཡོད་པ་དང་། 2013ལོའི་བོད་ལྗོངས་སློབ་གསོའི་དེབ་བཞི་པའི་ནང་དུ་འཁོད་པའི་དཔྱད་རྩོམ《དམའ་འབྲིང་སློབ་མའི་རྩོམ་ཡིག་དག་བཅོས་མཆན་འགོད་སྐོར་མདོ་ཙམ་གླེང་བ》ཞེས་པའི་ནང་དུ“རང་རྩོམ་རང་གིས་འཆོས་པའི་གོམས་གཤིས་ལེགས་པོ་འཇགས་དགོས་པ་དང་། དག་བཅོས་བྱེད་སྐབས་བརྗོད་སྟངས་ཀྱི་ཁྱད་པར་དང་བརྡ་སྤྲོད་སོགས་ལ་བརྟེན་ནས་ཚིག་སྦྱོར་བདེ་པོ་བཟོ་དགོས་པ་མ་ཟད། མི་གཞན་དང་རྩོམ་འབྲིའི་མྱོང་ཚོར་བརྗེ་རེས་ཐུབ་པ་བྱེད་དགོས”ཞེས་སོགས་རང་རྩོམ་བསྐྱར་བཅོས་བྱེད་པའི་གལ་ཆེའི་རང་བཞིན་བཤད་པའི་སྐད་ཆ་མང་དག་ཅིག་ཡོད། དེའང་ཐོག་མར་སྙན་ངག་རྐང་གཅིག་ཙམ་བྲིས་པ་ལ་དགེ་རྒན་གྱིས་འདི་ལ་སྐྱོན་མང་བས་ཁྱེད་ཀྱིས་བསྐྱར་བཅོས་དང་ཞུ་དག་བྱེད་དགོས་ཞེས་སྐུལ་ན་སློབ་མའི་སེམས་པ་མེ་འབར་བ་ལྟར་གྱི་སྟེང་དུ་ཆུ་བཤོས་པ་དང་མཚུངས་པས་གཅིག་བྱས་ན་དུས་དེ་ནས་བཟུང་སློབ་མ་གང་དེས་རྩོམ་ཡིག་ལ་ལག་པ་འཆང་མི་སྲིད་མོད།ད་གཟོད་རྩོམ་འབྲིའི་མྱོང་བ་ཅུང་བྱུང་ཞིང་། གཞན་རྩོམ་གང་ཙམ་བཀླགས་ཟིན་པ་མ་ཟད།རང་ཉིད་ཀྱི་རྩོམ་ཡིག་སྣ་རེའང་ཚགས་ཤོག་གང་རུང་གི་སྟེང་དུ་བཀོད་ཟིན་པ་དང་།  དགེ་རྒན་དང་སློབ་གྲོགས་ཚོས་ཀྱང་གདེང་འཇོག་གང་ཙམ་ཐོབ་ཟིན་པས། དེ་དུས་རྒན་ལགས་ཀྱིས་སློབ་མ་དེར་རྩོམ་ཡིག་ལ་དག་བཅོས་དང་ཞུ་དག་ལེགས་པར་བྱེད་དགོས་པའི་སྐུལ་མ་བྱས་ན་ཅུང་འཚམས་པ་ཡིན་ལ། རང་རྩོམ་ལ་རང་གིས་ཞུ་དག་བྱེད་པ་ནི་རྩོམ་ཡིག་ཞུན་བརྡར་ལེགས་པོ་ཡོང་བའི་ཐབས་དམ་པའང་ཡིན་ནོ། ། དེ་ལྟར་རྩོམ་ཡིག་འབྲི་རྒྱུར་དགའ་ཞེན་སླེབས་པ་དང་།རྒྱུན་པར་རྩོམ་ཡིག་འབྲི་བ། གཞན་རྩོམ་ཀློག་པ། རང་གི་རྩོམ་ཡིག་ལ་ཞུ་དག་བྱེད་པ་བཅས་ཀྱི་གོམས་སྲོལ་བཟང་པོ་ཞིག་འཇགས་ཐུབ་ཚེ་ད་གཟོད་རྒན་ལགས་ཀྱིས་རྩོམ་ཡིག་གི་སྒྱུ་རྩལ་དང་། ཚིག་སྦྱོར་། ནང་དོན་སོགས་ལ་རེ་བ་ཅུང་ཟད་འདོན་ཆོག་ལ། ཐ་ན་སྙན་ངག་དང་གཏམ་རྒྱུད་ཐུང་ཐུང་ཁོ་ན་མ་ཡིན་པར་ལྷུག་རྩོམ་དང་བརྩམ་སྒྲུང་ཐུང་ཐུང། ཡང་ན་དགག་སྒྲུབ་རྩོམ་ཡིག་སོགས་འབྲི་རྒྱུར་སྐུལ་ནའང་སྐྱོན་མེད་དེ།  དེའི་དུས་ན་སློབ་མ་སོ་སོར་རྩོམ་ཡིག་འབྲི་བ་དང་གཞན་རྩོམ་ཀློག་པའི་གོམས་གཤིས་འཇགས་ཟིན་པས་སྐྱོན་ཆ་ཆུང་ཆུང་ཞིག་གིས་ཁོ་ཚོའི་དྭངས་ཞེན་ཉམས་མི་སྲིད་ལ།   དེ་ལས་ལྡོག་སྟེ་དགེ་རྒན་གྱི་དྲན་སྐུལ་དང་རྩོམ་ཡིག་གཞན་གྱི་ལྟ་ཀློག་འོག་ཁོ་ཚོས་རང་གི་རྩོམ་ཡིག་གི་ཞན་ཆའང་རྟོགས་སྲིད་པ་ཡིན།

    མདོར་ན། རྩོམ་ཡིག་འབྲི་བ་ནི་འབད་མེད་འཕྲལ་དུ་བསྒྲུབ་ནུས་པའི་བྱ་བ་ཕྲན་ཚེགས་ཤིག་མ་ཡིན་ཏེ་མ་མཐར་ཡང་སྐད་ཡིག་གི་ཆུ་ཚད་ངེས་ཅན་ཞིག་དགོས་ཤིང་། ཡང་གཅིག་བཤད་ན་རྩོམ་ཡིག་འབྲི་བའི་དབང་གིས་སྐད་ཡིག་གི་ཆུ་ཚད་གོང་དུ་འཕེལ་འགྲོ་བས་སློབ་འབྲིང་སློབ་མ་ཞིག་གི་ངོས་ནས་བརྗོད་ན་རྩོམ་ཡིག་འབྲི་བའི་དགའ་ཞེན་ཡོད་པ་དང་།   རྒྱུན་པར་རྩོམ་ཡིག་འབྲི་བ་དང་དཔེ་ཀློག་བྱེད་པ།   རང་རྩོམ་བཟོ་བཅོས་བྱེད་པ་བཅས་ཀྱི་གོམས་གཤིས་བཟང་པོ་ཞིག་ཏུ་གསོ་སྐྱོང་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཡིན།    དེའང་ཐོག་མར་རྩོམ་ལ་འཇུག་མཁན་དག་ལ་དགེ་རྒན་གྱིས་རྩོམ་འབྲིའི་དམིགས་ཡུལ་དང་རྩོམ་ཡིག་འབྲི་བའི་དགོས་པ་དང་དགེ་མཚན་སོགས་ཤོད་པ་དང་།  སློབ་མ་རྣམས་གྲགས་ཅན་གྱི་རྩོམ་པ་པོ་དང་གྲགས་རྩོམ་ལ་ཡིད་སྨོན་སྐྱེ་རུ་བཅུག་ནས་ཁོ་ཚོའི་དྭངས་བ་འདྲེན་དགོས་པ་ལས། ཐོག་མ་ནས་སློབ་མའི་རྩོམ་ཡིག་ལ་འཕྱ་དགོད་དང་མཐོང་ཆུང་གཏན་ནས་བྱ་མི་རིགས་ལ།  དེ་ནས་རིམ་གྱིས་རྩོམ་འབྲིའི་གོམས་སྲོལ་འཇགས་ཚེ་རྩོམ་འབྲིའི་རིག་གཞུང་དང་། དཔེ་དོན་སྦྱོར་ཚུལ།  སྒྲིག་གཞི་འགོད་སྟངས་སོགས་ནས་དགེ་སྐྱོན་གྱི་ཆ་ཅི་མཆིས་པ་དག་རིམ་གྱིས་བཤད་ན་སློབ་མའི་རྩོམ་འབྲིའི་བྱང་ཚད་གོང་མཐོར་འགྲོ་བར་ཅུང་ཟད་སྨན་ནོ།།  (ལྷ་ས་གྲོང་ཁྱེར་མཐོ་འབྲིང་བཞི་པའི་དགེ་རྒན་དངོས་གྲུབ་རྡོ་རྗེས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།