[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློམ་མའི་ལེགས་རྩོམ།
  • ༄༅།། ངེད་ཚང་གི་བོང་བུ་རྐྱང་དཀར། །

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   སྤེན་ཚེ་གཞོན་པ།    |    སྤེལ་དུས།   2016-07-12

    དུས་ཚོད་ཀྱི་ཆུ་མོ་མདུན་ནས་མདུན་དུ་བཞུར། ལོ་དང་ཟླ་བའི་ཕྲེང་བ་རེས་མོས་སུ་འཁོར་ཞིང་། ད་ལྟ་བདག་གི་དཔྲལ་བའི་རི་མོ་དག་ཇེ་ཟབ་ནས་ཇེ་ཟབ་ཏུ་སོང་ཟིན། ལོ་ཟླའི་འཁོར་བགྲོད་དང་བསྟུན་ནས་བདག་གི་དྲན་ཤེས་ཀྱི་ཡོལ་བའི་ངོས་སུ་དུས་ནམ་ཡང་བརྗེད་པར་དཀའ་བ་ནི་ང་ཚོའི་ཁྱིམ་གྱི་བོང་བུ་རྐྱང་དཀར་དེ་རེད།

    ང་རང་བྱིས་པའི་དུས་སུ་ངེད་ཚང་གི་འབྱོར་འཁོས་ཞན་པས། ཁྱིམ་ཚང་གཞན་ལྟར་ཅང་ཤེས་རྟ་ཕོ་དང་། སྨུག་ཆུང་དྲེལ། ད་དུང་ཚན་རིག་གི་བྱེད་པོའི་སོར་རྩེ་ལས་ཐོན་པའི་དེང་རབས་ཅན་གྱི་འདྲུད་འཐེན་འཁོར་ལོ་སོགས་ཞིང་ལས་སྐྱེལ་འདྲེན་ཡོ་བྱད་དག་ལ་ལོངས་སུ་སྤྱོད་པའི་སྐལ་བ་མེད་ཙང་། བདག་ཚོ་ནང་མི་རྣམས་དང་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་ནི་བལྟས་ན་ཀུན་གྱིས་མཐོང་འདོད་ཅིང་། གཤིབས་ན་ཀུན་དང་འགྲོགས་བདེ་བའི་སྤུ་མདོག་ལེགས་ལ་གཤིས་ཀ་འཇམ་པའི་བོང་བུ་རྐྱང་དཀར་དེ་རེད།

    བོང་བུ་དེ་ངེད་ཚང་དུ་ག་དུས་སླེབས་མིན་ང་ལ་གསལ་ཆ་ཆེར་མེད་མོད་། གང་ལྟར་ང་ནི་ཁོ་ལ་ཤིན་ཏུ་དགའ་པོ་ཡོད། ལོ་རེའི་དཔྱིད་ཀ་ཤར་རིམ་བཞིན་ཁོས་ཞིང་ཁར་ས་སྣོན་གསོག་པ་དང་། ལུད་རྫས་སྐྱེལ་འདྲེན་བྱེད་པ། སོན་འབྲུ་སྐྱེལ་བ། ཞིང་ལས་ཡོ་བྱད་གཞན་སྐྱེལ་བ་སོགས་མདོར་ན་སྡུག་ཡུས་དང་ཀུ་ཅོ་མེད་པར་དཔྱིད་འདེབས་སྐབས་ཀྱི་སྐྱེལ་འདྲེན་ལས་ཀ་འབོར་ཆེན་རང་ཉིད་གཅིག་པུས་འཐུས་ཤོར་དང་ནར་འགྱངས་མེད་པར་བདེ་བླག་ཏུ་སྒྲུབ་ཀྱི་ཡོད་པ་དང་། སྟོན་དུས་གསེར་མདོག་གི་ཞིང་ཁ་རབ་ཏུ་སྨིན་ནས་ཁྱིམ་མི་ཚང་མ་ཛ་དྲག་ཆེ་བའི་སྟོན་བསྡུའི་དམག་འཐབ་ལ་ཞུགས་དུས། ཁོ་རང་གིས་ཀྱང་འཐབ་འཛིང་པ་ཞིག་དང་འདྲ་བར་སྦྱིན་བདག་གི་བཀའ་དང་ལེན་གྱིས་ཐེར་གེར་བཀལ་བའི་ཚར་མ་ལྗིད་པོ་ཁུར་ཏེ། ནུས་ཤུགས་ཡོད་ཚད་དང་གོམ་སྟབས་མགྱོགས་པོས་ཞིང་ཐང་ནས་གཡུལ་ཐང་དུ་དབོར་བའི་ཁ་གྲངས་ནི་སུས་ཀྱང་བགྲང་བར་དཀའ།

    ཐེངས་ཤིག ཛ་དྲག་ཆེ་བའི་སྟོན་བསྡུའི་ཚར་མ་དབོར་འདྲེན་སྐབས། གང་ལྟར་ཅི་ཡིན་འདི་ཡིན་མེད་པར་ཁོའི་རྐང་མཐིལ་ལ་སེར་ཁ་གས་པ་དང་། ཚར་མ་བཀལ་བའི་ཐེར་གེ་ལྗིད་པོ་ཤུགས་ཀྱིས་འཐེན་ཏེ་འཐེང་འགྲོས་ཀྱིས་འགྲོ་བའི་ངང་ཚུལ་སེམས་ལ་དྲན་རིམ་བཞིན། ངའི་སྣ་ཁུང་ལ་ན་ཟུག་གཏོང་གི་འདུག སྐབས་དེར་ང་རང་ཡ་ང་སྙིང་རྗེ་ཚད་མེད་སྐྱེས་བྱུང་བས། ཐེར་གེའི་གཞོགས་ནས་བཟུང་སྟེ་ཁྱེད་དང་མཉམ་དུ་ཐེར་གེ་འཐེན་རོགས་བྱེད་པའི་རྣམ་པ་དེ་ད་ལྟའང་ཉེ་ཆར་གྱི་གནས་ཚུལ་ཇི་བཞིན་ཡིད་ལ་ཝ་ལེར་འཆར་བཞིན་འདུག

    སྟོན་དཔྱིད་ཛ་དྲག་ཆེ་བའི་དུས་ཚོད་ཕུད། ཞར་ཞོར་དུ་ཁ་ཁུ་སིམ་པོར་ངེད་ཚང་གི་སྐྱེལ་འདྲེན་གྱི་ལས་ཀ་ཙག་ཙིག་དག་ཁྱེད་ཁོ་ནས་ཕྲག་ཏུ་བཞེས་ཀྱི་ཡོད་ལ། ལྷག་པར་དུ་ངེད་ཚང་གི་ཁང་པ་གསར་རྒྱག་གི་ས་རྡོ་མང་ཆེ་བའང་ཁྱེད་ཁོ་ནའི་ངལ་བའི་རྔུལ་ཆུ་དང་བརྗེས་ཏེ་བྱུང་བ་ཞིག་ཡིན་པས། ཁང་གསར་ཉི་མ་དྲོ་པོ་དེ་ལའང་ཁྱེད་ཀྱིས་བཀའ་དྲིན་དང་མཛད་རྗེས་མི་ནུབ་པ་བཞག་ཡོད་ལགས། བྱས་ཙང་། བདག་གིས་ཁྱེད་ནས་ངེད་ཚང་གི་ཆེད་དུ་ཕུལ་བའི་ལེགས་སྐྱེས་དག་ཁྲ་ཆུང་མིག་གི་དངོས་སུ་མཐོང་ཞིང་། ཡ་ཆུང་སེམས་ཀྱིས་ཕུགས་སུ་བཅངས་ནས་ཁྱེད་ལ་ལྐོག་ཏུ་གཟན་ཆག་ཞིམ་པོའི་སྟོན་མོ་ཡང་བཤམས་མྱོང་།

    རེད་ལགས། ངེད་ཚང་གི་སྐྱིད་སྡུག་གི་དར་རྒུད་དང་། དཔལ་འབྱོར་གྱི་འཕེལ་འགྲིབ་ཁྱེད་དང་སྦྲེལ་ནས་ཡོད་ལ། ངེད་ཚང་གི་ལས་དབང་གི་རྨུ་ཐག་ནམ་ཡང་ཁྱེད་དང་སྦྲེལ་ནས་ཡོད།

    ཀྱེ། བཞུད་སྔ་བའི་དྲིན་ཅན། ད་ཆ་ཚན་རྩལ་དར་ཞིང་རྒྱས་ནས་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བའི་དུས་འདིར། གལ་སྲིད་ཁྱེད་རང་མི་ཡུལ་འདིར་གསོན་པོར་བཞུགས་ཡོད་ན། ང་ཚོས་ཉི་ཁུག་དྲོ་པོ་ཞིག་ཏུ། སྡོད་ས་སྐྱིད་པོ་ཞིག་ཏུ། ངལ་གསོ་ཡིད་ཚིམ་པ་ཞིག་རྒྱག་ཏུ་འཇུག་ཆོག་ཨང་།

    ཀྱེ། ངེད་ཚང་གི་ནོར་བུ། གལ་སྲིད་ཁྱེད་རང་མི་ཡུལ་འདིར་གསོན་པོར་བཞུགས་ཡོད་ན། ང་ཚོས་ཁྱེད་ལ་གཟན་ཆག་གང་ཞིམ་གྱི་སྟོན་མོ་བཤམས་ཏེ། སོས་དལ་བག་ཕེབས་ཀྱི་བདེ་སྐྱིད་ལྡན་པའི་ཚེ་མཇུག་གི་འཚོ་བ་སྐྱིད་པོ་ཞིག་སྐྱེལ་དུ་འཇུག་སྲིད།

    ཡིན་ན་ཡང་། དགུན་ཐ་མའི་མཚན་མོ་ཞིག་ལ། ཁྱེད་ཀྱིས་ཅི་ཡང་མི་སྨྲ་བར་སེར་ཁས་ཁེངས་པའི་རྐང་ལག་དང་། ཡོངས་སུ་མ་གསོས་པའི་སྒལ་པའི་རྨ་ཁ་བསྣམས་ཏེ། ང་ཚོ་དང་གཏན་དུ་བྲལ་སོང་།

    ཁྱེད་ཀྱིས་མི་ཡུལ་འདིར། སྡུག་ཡུས་ཀྱི་ཀུ་ཅོ་དང་ངལ་དུབ་ཀྱི་འཁུན་སྒྲ་མེད་པར། སྐྱོ་གདུང་དང་དཀའ་བ་ཡོད་ཚད་རང་གིས་བླངས་ཤིང་། དགའ་སྤྲོ་དང་བདེ་སྐྱིད་ཐམས་ཅད་གཞན་ལ་བྱིན་ནས། རང་ཉིད་ལ་ཅི་ཡང་མི་དབང་བར་ཞིང་གཞན་ལ་བཞུད་སོང་།

    ཀྱེ། ངེད་ཚང་གི་དྲིན་ཅན། ངེད་ཚང་གི་ནོར་བུ། ལོ་ཟླའི་འཕེལ་འགྲིབ་ཇི་ལྟར་མྱུར་ན་ཡང་། བདག་གི་སེམས་དབུས་སུ་རྡོ་བརྐོས་རི་མོ་ཇི་བཞིན་ནམ་ཡང་ཁྱེད་རང་གནས་སྲིད། ནམ་ཡང……

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།