[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློམ་མའི་ལེགས་རྩོམ།
  • བཀྲ་ཤིས་བསྟོད་དབྱངས་དར་དཀར་རིང་མོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   དབྱུག་སྲས།    |    སྤེལ་དུས།   2019-10-13

    ནོར་འཛིན་ངོས་སུ་མེ་ཏོག་འདབ་སྟོང་བཞད་དེ་མཁའ་དབྱིངས་གླུ་སྒྲས་གཡོས། །

    དམངས་སེམས་བདེ་ལ་བཀོད་ཅིང་དགའ་སྤྲོའི་འཛུམ་ཞལ་མེ་ཏོག་བཞད་དང་མཚུངས། །

    སུ་དང་གང་གིས་དོ་ཟླ་བྲལ་བའི་ཕྱུག་འགྱུར་སྟོབས་ཆེན་རང་རྒྱལ་གྱི། །

    དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དྭངས་གཙང་མཁའ་ན་བརྟན་དུ་གཡོ། །


    ཚན་རིག་ལག་རྩལ་ཉིན་བཞིན་འཕེལ་ནས་ཡངས་པའི་གོ་ལ་མིག་ངོར་བཤམས། །

    ཚན་རྩལ་རྒྱལ་ཁབ་སྟོབས་ཆེར་གྱུར་པའི་རླབས་ཆེན་མེས་རྒྱལ་ངོ་སོ་བསྟོད། །

    སྤྱི་ཚོགས་རིང་ལུགས་ཀྲུང་གོ་གསར་པའི་གཟི་བྱིན་ཉམས་མེད་ལྷག་པར་འཕྲོ། །

    དགའ་སྤྲོའི་འཛུམ་མདངས་རབ་ཏུ་རྒྱས་བཞིན་མེས་རྒྱལ་པང་དུ་སྐྱིད་ལ་རོལ། །


    འདས་སོང་ཆུ་དང་གློག་དང་འཕྲིན་གྱི་བརྡ་རྟགས་ལ་སོགས་མེད་པས་སྐྱོ། །

    ཡོད་པ་དགུ་པོ་ལག་ལེན་བསྟར་བས་སྔར་མེད་ཐམས་ཅད་ཡོད་པར་གྱུར། །

    མཁའ་ལམ་ལྕགས་ལམ་གཞུང་ལམ་མང་བས་འགྲུལ་བཞུད་གོམ་སྟབས་བདེ་མོར་སྤོ། །

    བྱམས་བརྩེ་ཏང་གི་བཀའ་དྲིན་ཡིན་པས་དྲིན་ཚོར་བསམ་པ་སྙིང་རུམ་བསྒོམ། །


    དམངས་ལ་གཅེས་པའི་ལྷག་བསམ་དག་པོས་དབུལ་སྒྲོལ་འགག་སྒྲོལ་ཐབས་ཇུས་བཏོན། །

    དབུལ་པོ་མིང་གི་ལྷག་མར་བྱས་ཏེ་འབྱོར་འབྲིང་ཕྱོགས་སུ་ཁྲིད་སྟོན་བྱས། །

    ཀྲུང་ཧྭའི་བུ་ཕྲུག་དུང་ཕྱུར་བཅུ་བཞིའི་བདེ་སྐྱིད་འཚོ་བའི་དཔལ་ཡོན་བཞད། །

    མི་རིགས་མཐུན་སྒྲིལ་མེ་ཏོག་བཞད་ནས་ཞི་མཐུན་མཉམ་གནས་དཔལ་ལ་རོལ། །


    མི་ཚོགས་སྟུག་ཅིང་དམངས་སེམས་དབང་མེད་ཕྱོགས་པའི་རྒྱལ་ས་པེ་ཅིང་གི །

    གནམ་བདེ་སྒོ་མོའི་ཐང་ཆེན་དབུས་སུ་སྐར་ལྔའི་དར་དམར་དགུང་ལ་བསྙེགས། །

    སྔོན་བྱོན་རྒྱལ་རབས་རིམ་བྱོན་གཏམ་རྒྱུད་ངོ་མཚར་ཕྲེང་བར་བརྒྱུད་པ་ལས། །

    འོད་སྟོང་འབར་བའི་ཀྲུང་གོ་གསར་པ་དབུ་བརྙེས་བགྲང་བྱ་བདུན་ཅུ་འཁོར། །


    རི་བོ་ཧི་མ་ལ་ཡའི་འདབས་སུ་ཆགས་པའི་ཁ་བ་གངས་ཅན་ལྗོངས། །

    ཕྱི་སྣོད་ཁོར་ཡུག་ཉམས་རེ་དགའ་ཞིང་ནང་བཅུད་སེམས་ཅན་བདེ་ཞིང་སྐྱིད། །

    དམངས་སེམས་མཐུན་པའི་དར་སྐུད་རིང་མོ་མེས་རྒྱལ་ཕྱོགས་སུ་གོང་བུ་འགྲིལ། །

    མཐོ་སྒང་རྣམ་པ་ཉིན་རེར་མི་སྡོད་དབྱར་གྱི་མཚོ་མོའི་དཔལ་ལ་འགྲན། །


    མེས་རྒྱལ་པང་དུ་བདེ་བར་འཚོ་བའི་མི་རིགས་ང་དྲུག་མཛའ་སེམས་ཟབ། །

    ཆོས་སྲིད་ལུགས་གཉིས་སོ་སོར་ཕྱེ་ནས་དམངས་ཀྱི་བདེ་རྩ་གཙོ་བོར་བཟུང་། །

    ཆོས་དད་རང་མོས་གྲངས་ཉུང་མི་རིགས་བདེ་བའི་ཕྱོགས་སུ་བཀོད་གྱུར་བས། །

    དམངས་སེམས་དགའ་བའི་བདེ་སྐྱིད་མེ་ཏོག་གངས་ཅན་ལྗོངས་འདིའི་ཁྱོན་དུ་བཞད། །


    མཁའ་ལ་འཇའ་ཚོན་སྣ་ལྔ་ཤར་འདྲའི་ཆོས་ལྡན་ཞིང་འདིའི་བཀོད་པ་མཛེས། །

    མི་རྣམས་ཡིད་དབང་རབ་ཏུ་འཕྲོག་པས་མཁའ་དབྱིངས་བོད་དུ་ལྗོངས་རྒྱུར་འོང་། །

    ཡིད་སེམས་ཤོར་བའི་ཞིང་འདིའི་བཀོད་པར་གཅིག་མིན་ལན་བརྒྱའི་བསྟོད་པ་ཕུལ། །

    ཡུལ་སྐོར་ཐོན་ལས་རབ་ཏུ་དར་བས་བོད་ལྗོངས་དཔལ་འབྱོར་ཡར་ཟླ་བཞིན། །


    རུལ་སུངས་དཔོན་ངན་ཚར་དུ་བཅད་པས་སྤྱི་ཚོགས་མཁའ་དབུཌ་དྭངས་ཤིང་གཙང་།།

    གོང་གི་སྲིད་བཟང་ཉི་ཟླའི་འོད་ཟེར་སྒྲིབ་མེད་ཤར་རེར་དམངས་ལ་འཕྲོས། །

    དམངས་ཀྱི་ཆེད་དུ་བདེན་དོན་གཉེར་བས་དམངས་སེམས་དགའ་བའི་སྤྲོ་གླུ་ལེན། །

    སྔར་དར་མ་ཉམས་གོང་འཕེལ་འགན་འཁྲི་བློ་ལ་བཟུང་ནས་རྒྱུད་འཛིན་བྱས། །


    བསམ་དངོས་དཔལ་ཡོན་གོང་དུ་འཕེལ་བའི་གནས་མཆོག་ལྷ་སའི་འདབས་རོལ་ནས། །

    རྒྱ་བོད་མི་རིགས་མཛའ་མཐུན་ཟབ་པའི་མཐུན་སྒྲིལ་སྙན་དབྱངས་ལེན་བཞིན་དུ། །

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཏེ་བགྲང་བྱ་དྲུག་ཅུ་འཁོར་བ་ལ། །

    རྟེན་འབྲེལ་མཚོན་པའི་བཀྲ་ཤིས་དར་དཀར་དགུང་སྔོན་དབྱིངས་སུ་མཐོན་པོར་བཏེཌ། །

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།